国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཚོ་ཆུང་ཁྲིད་དེ་ཉག་ཆུ་འབབ་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ ཚད་ཡོད་སྤྱི་གཉེར་ཁང་དུ་ལས་དོན་འབྲེལ་མཐུད་གནང་།

སྤྱི་ཟླ5ཚེས6ཉིན་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོ་ཆུང་ཁྲིད་དེ་ཉག་ཆུ་འབབ་རྒྱུད་ཆུ་གློག་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་ཕེབས་ནས་ནུས་རྒྱུ་གཙང་མའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་དང་དཀར་མཛེས་ཁུལ་གྱི་ཆུ་རླུང་འོད་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཉག་ཆུའི་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་རྐང་དཔོན་སུན་ཝུན་ལེང་དང་བཞུགས་མོལ་སྤེལ་རེས་གནང་བ་རེད།

ཀྲའོ་པོ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་མཛད་ནས་ཉག་ཆུའི་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ལྷག་པར་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རོགས་རམ་དང་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཉག་ཆུའི་གློག་འདོན་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་དུ་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཆུ་གློག་དང་འཐེན་གསོག། ནུས་རྒྱུ་གསར་པ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་ཉག་ཆུའི་འབབ་རྒྱུད་ཀྱི་ཆུ་རླུང་འོད་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཡུལ་སྡེ་དར་རྒྱས་དང་། མང་ཚོགས་ལས་ཞུགས། དམངས་འཚོ་འགན་ལེན་སོགས་ཀྱི་ཐད་ལ་མུ་མཐུད་མཉམ་ལས་གང་ལེགས་བྱས་ནས་ཕྱོགས་གཉིས་ཀས་ལག་གདང་སྦྲེལ་ནས་དཀར་མཛེས་ཁུལ་གྱི་མང་ཚོགས་ལ་ནུས་རྒྱུ་གཙང་མའི་ཁེ་ཕན་དེ་བས་མང་ཞིང་ལེགས་པ་འཐོབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སུན་ཝུན་ལེང་གིས་ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་དང་བཅས་པ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཕེལ་བའི་དགའ་བསུ་ཞུས་པ་དང་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁེ་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། སུན་ཝུན་ལེང་གིས་ཕྱོགས་གཉིས་པོས་མཐུན་སྦྱོར་སྔར་བས་ཟབ་པ་དང་མཉམ་ལས་དམ་ཟབ་བྱས་ནས་དཀར་མཛེས་ཁུལ་གྱི་ཐོན་ཁུངས་ཁྱད་ཡོན་དང་ཁེ་ལས་ཆེད་ལས་ཅན་གྱི་དོ་དམ་ཁྱད་ཡོན་འདོན་སྤེལ་དེ་བས་ལེགས་པར་བྱས་ཏེ་ཉག་ཆུའི་ཆུ་རླུང་འོད་གཞི་གཅིག་ཅན་གྱི་རྟེན་གཞིའི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་གཉེར་སྐྱོང་ལ་ཤུགས་ཡོད་རྒུས་བསྐུལ་ཏེ་ནུས་རྒྱུའི་མ་ལག་གསར་པ་འཛུགས་སྐྱོང་དང་ནུས་རྒྱུ་སྟོབས་ཆེན་རྒྱལ་ཁབ་འཛུགས་པའི་འཐབ་ཇུས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

བཞུགས་མོལ་ཚོགས་འདུར་ཉག་ཆུ་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་སྤྱི་ཁྱབ་གཉེར་དཔོན་ཀྲང་ཕེང་གིས་ཉག་ཆུ་འབབ་རྒྱུད་ཀྱི་ཆུ་རླུང་འོད་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ཚུལ་ངོ་སྤྲོད་བྱས། དབྱང་ཧུང་ཧྲོའུ་ཡིས་རང་ཁུལ་གྱི་ནུས་རྒྱུ་གཙང་མའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་། ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ། གཙོ་གནད་ལས་གཞི་སྐུལ་སྤེལ་དང་སླད་ཕྱིན་གྱི་འཕེལ་རྒྱས་བསམ་ཕྱོགས་བཅས་ངོ་སྤྲོད་གནང་། ཚོགས་འདུ་མ་འཚོག་གོང་ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་དང་བཅས་པ་ཉག་ཆུ་འགྲེམས་ཁང་དང་ཉག་ཆུ་འབབ་རྒྱུད་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ་གཟིགས་སྐོར་ལ་ཕེབས་ནས་ཁེ་ལས་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་། འབབ་རྒྱུད་གསར་སྤེལ་བཀོད་སྒྲིག། ཆུ་རླུང་འོད་གཞི་གཅིག་ཅན་གྱི་རྟེན་གཞི་འཛུགས་སྐྲུན་གཉེར་སྐྱོང་། ཚན་རྩལ་གསར་གཏོད་བེད་སྤྱོད་དང་དེ་བཞིན་ཉེན་མེད་ཐོན་སྐྱེད་དོ་དམ་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་སྤྱི་གཉེར་ཁང་གི་འཛམ་གླིང་རིམ་པའི་ལས་གྲྭ་དང་། གསར་གཏོད་འཕེལ་རྒྱས་གཏོང་སྟངས། ལས་ཀའི་གྲུབ་འབྲས་མངོན་གསལ་དོད་པོ་བཅས་ལ་བསྔགས་བརྗོད་ཚད་མཐོན་པོ་གནང་བ་རེད།

ཁུལ་མགོ་ཁྲིད་ལིའུ་ཅིན་ཀྲའོ་དང་ཡོན་ཀང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་སོགས་ཞུགས་ཡོད་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)