“ལྔ་གཅིག”གུང་གསེང་རིང་། དཀར་མཛེས་ཁུལ་གྱི་ས་གནས་ཁག་གིས་ཐོན་ཁུངས་ལ་གཞི་བཙུགས་ནས་སྐྱེ་ཁམས་སྔོན་ལ་བཞག་པ་དང་། སྦག་མེད་འཕེལ་རྒྱས་མཐའ་འཁྱོངས་ཏེ་ལས་རྣམ་ཀྱི་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། ཞབས་ཞུའི་འགན་ལེན་ཇེ་ལེགས་སུ་བཏང་བ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱས་པ་བཅས་བརྒྱུད་དེ་དགེ་མཚན་གྱི་ཐོན་ཁུངས་དེ་ཡུལ་སྐོར་གྱི་དཔལ་འབྱོར་ཁེ་ཕན་ལ་བསྒྱུར།
རྟའུ་རྫོང་དགྱེས་ཡུམ་ལྷ་མཚོའི་ལྗོངས་ཁུལ་མཛེས་ཤིང་ཞབས་ཞུ་བཟང་།
སྤྱི་ཟླ5པའི་ཚེས1ཉིན་གྱི་མཚན་མོར། རྟའུ་རྫོང་གི་དགྱེས་ཡུམ་ལྷ་མཚོ་ལྗོངས་ཁུལ་དུ་ཁ་བ་ཞིག་བབས་པས་རི་ཀླུང་ཚང་མར་དྭངས་ཤིང་གཙང་བའི་གོས་དཀར་གྱིས་བཀླུབས་པར་མ་ཟད། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་འགྲུལ་པ་དག་ལ་དགའ་བསུ་བྱེད་པ་དང་མཚུངས་ལ་ཚང་མའི་ཡིད་སེམས་རབ་ཏུ་འཕྲོག་ནས་དགའ་སྤྲོ་བརྗོད་ཐབས་བྲལ་བ་བྱུང་།
མྱོང་རོལ་བྱེད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག་ཏུ་ས་གནས་དེ་གས་ཉེན་མེད་ཀྱི་མཐིལ་ཚད་ནན་སྲུང་བྱས། འུག་ཚང་ཁོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བློ་གྲོས་ཀྱིས་གྲོང་པས་འཕྲུལ་རྟ་དབོར་གཉེར་ཐད་དོ་དམ་ནན་པོ་བྱས་ཏེ་གཅིག་གྱུར་སྒོས་སྐྱོབ་ཞྭ་བཀོད་སྒྲིག་བྱས་པ་དང་། གཏོང་ཡུན་གཏན་ལ་ཕབ་པར་མ་ཟད། གཙོ་གནས་སུ་ཞིབ་བཤེར་སོ་ལྟ་ཁང་བཙུགས་ནས་གང་འདོད་ངང་རིན་ལེན་པའི་ཟང་ཟིང་སྣང་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱས་ཡོད། ད་སྔར། ལྗོངས་ཁུལ་གྱི་ཞབས་ཞུ་ལྟེ་གནས་སུ་བཟའ་བཏུང་དང་སྤྲོ་གསེང་མཁོ་བསྒྲིགས་སོགས་ཆ་ཚང་འཛོམས་ཡོད། ཉེ་འགྲམ་གྱིས་གནས་ཚང་གིས་འགྲུལ་པ་བརྒྱ་ཕྲག་གི་གནས་སྡོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱིན་ཡོད། ཕྱིན་ཆད། ང་ཚོས་ཡུལ་མི་དེ་བས་མང་པོས་གནས་ཚང་གཉེར་རྒྱུར་ལྕག་སྐུལ་བྱས་ནས་ཡུལ་སྐོར་ཐོན་ལས་ཀྱི་འབྲེལ་ཐག་སྔར་བས་སྐྱེད་སྲིང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
རོང་བྲག་རྫོང་གིས་མཛེས་ལྗོངས་དང་སྲིད་བཟང་མཉམ་འབྲེལ་བྱས་ཏེ་འགྲུལ་པ་བཀུག།
སྤྱི་ཟླ5པའི་ཚེས2ཉིན། འཛམ་གླིང“ཡུལ་སྐོར་ཡུལ་སྡེ་ཆེས་ཡག་ཤོས”ཀྱི་རོང་བྲག་རྫོང་སྐྱིད་མཁར་ཡུལ་གྲོང་ཚོས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་མཁར་རྒྱབ་ལྗོངས་སུ་བྱས་ཏེ། གླུ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་དང་བསྟུན་ནས་རྒྱལ་རོང་གི་མཛེས་མ་དང་ཕོ་གསར་ཚོས་ལུས་ལ་གཟབ་མཆོར་ལེགས་པོ་སྤྲས་ཏེ་བོད་ཁང་གིས་ཁྱབ་པའི་གྲོང་གསེབ་ཀྱི་ལམ་ནས་འགྲོ་སྟོན་བྱས་པས་ཡུལ་སྐོར་བ་ཚོའི་ཁྲ་ཆུང་མིག་གི་དགའ་སྟོན་ཆེན་མོ་ཞིག་གྱུར་ཡོད།
སྡེ་རོང་རྫོང་ཝ་ཁ་མེ་ཏོག་རྒྱ་མཚོ་ལྗོངས་ཁུལ་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་ལ་བརྟེན་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ཏེ་ཡུལ་སྡེ་དར་རྒྱས་བཏང་།
ཉེ་ཆར། སྡེ་རོང་རྫོང་ཝ་ཁའི་མེ་ཏོག་རྒྱ་མཚོའི་ལྗོངས་ཁུལ་དུ་ཡུལ་སྐོར་བས་ཁེངས་ཡོད། ལྗོངས་ཁུལ་གྱིས་ཞིང་སྡེ་དང་མེ་ཏོག་གི་སྐྱེ་ཁམས་ལེགས་ཆར་བརྟེན་ནས་ཞིང་ལས་རིག་གནས་ཡུལ་སྐོར་ལུས་རྩལ་ཚོང་ལས་བཅས་མཉམ་འདྲེས་གཏིང་ཟབ་བྱས་ཏེ། གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་མི་རིགས་གླུ་གར། ཡུལ་སྐོར་བ་ནང་བཞུགས་བྱས་པ་བཅས་ཟུང་འབྲེལ་བརྒྱུད་དེ་ཡུལ་སྐོར་བ་ཚོར་སེམས་བག་ཕེབས་པོས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད།
རྟའུ་ཡི་ཁ་བའི་མཛེས་ལྗོངས་ཡིན་ནའང་འདྲ། རོང་བྲག་གི་སྲིད་ཇུས་དོན་ལ་འཁྱོལ་བ་ཡིན་ནའང་འདྲ། སྡེ་རོང་གི་ཝ་ཁའི་མེ་ཏོག་རྒྱ་མཚོ་སོགས་གང་གི་ཐད་ནས་བལྟས་ན། ད་ལོའི“ལྔ་གཅིག”གུང་གསེང་རིང་། རང་ཁུལ་གྱིས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་ཁྱབ་བསྒྲགས་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་སྟོན་པ་བཅས་བྱས་ཏེ་ཡུལ་སྐོར་བ་ཚོར་སེམས་འགུལ་ཆེན་མོ་ཐེབས་པར་མ་ཟད། ཞབས་ཞུའི་མཁོ་བསྒྲིགས་འཐུས་ཚང་དུ་བཏང་བ་དང་། སྒྲིག་ལམ་སྒྲིག་སྲོལ་གསར་གཏོད་བྱས་པར་བརྒྱུད་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོའི་སྒུལ་ཤུགས་སུ་བསྒྱུར་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
