ལི་ཐང་རྫོང་གིས་ཁྱོན་ཡུལ་སྐོར་བ་ཁྲི2.24ལ་སྣེ་ལེན་བྱས་ནས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བར་བོད་ཡུལ་གྱི་ཡུལ་སྲོལ་གོམས་གཤིས་མྱོང་རོལ་ཐུབ་པར་བྱས།
ལི་ཐང་གནའ་གྲོང་དུད་སྟོང་བོད་སྡེར་འཁྲུག་ཆ་ཆེ་ཤོས་ནི་བོད་གོས་ཚོད་གྱོན་ཁུལ་ཡིན་ཞིང་། བུ་མོ་ཁག་གཅིག་གིས་ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་སྲོལ་རྒྱུན་གྱི་བོད་ལྭ་གྱོན་ནས་ཐང་ཆེན་དུ་གླུ་ལེན་གར་འཁྲབ་དང་པར་རྒྱག་བརྙན་ལེན་སོགས་བྱེད་བཞིན་དགོད་སྒྲས་ཁེངས་ཡོད། ལི་ཐང་རིག་གནས་ཡུལ་སྐོར་ལྗོངས་ཁུལ་དུ་ཁམས་ཀྱི་གླུ་གར་དང་མཐོ་སྒང་དམངས་གླུ་སོགས་འཁྲབ་སྟོན་བྱས་པས་ཡུལ་སྐོར་བ་ཚོའི་མིག་དབང་འཕྲོག་ལ་ཡིད་དབང་སྒུལ་ཐུབ་ཡོད།
དགོང་མོའི་ཆུ་ཚོད་བརྒྱད་པར་གཟིམས་ཁང་ཐང་དུ་གཟུགས་མེད་རིག་གནས་ཤུལ་བཞག་བོད་ཀྱི་ཟློས་གར《འགྲོ་བ་བཟང་མོ》ཞེས་པ་འཁྲབ་སྟོན་བྱས་པ་དང་། ངོ་མཚར་ཆེ་བའི་ཟློས་གར་གྱོན་ཆས་དང་། གསོན་ཉམས་དོད་པའི་འཁྲབ་སྟོན་ཉམས་འགྱུར། ཕུན་སུམ་ཚོགས་པའི་ཟློས་གར་གྱི་ནང་དོན་བཅས་ལས་གར་སྟེགས་འོག་གི་ལྟད་མོ་བ་ཚོས་དགའ་བའི་ཐལ་མོ་བརྡབས་ཤིང་བསྟོད་པའི་མཐེ་བོང་བསྒྲེངས།
དུས་མཉམ་དུ་གེ་སར་ཐང་ཆེན་གྱི“ལྔ་གཅིག་འཛད་སྤྱོད་དུས་ཚིགས་དང་ཞིམ་ཟས་ཉོ་སྒྲུབ་དུས་ཆེན”གྱི་ཡུལ་དངོས་སུའང་མི་ཚོགས་ཀྱིས་ཁེངས་ཤིང་། ཁྲོམ་སྟེགས70ལྷག་ཙམ་གྱི་མདུན་དུ་ཞོ་དང་ཚགས་ཤ། སྦྲང་རྩི། རྫ་ནག་ཇ་དེམ་སོགས་བོད་ཡུལ་གྱི་ཁྱད་ཆོས་ཐོན་རྫས་བཞག་ཡོད་པས་ལྟ་མཁན་དང་ཉོ་མཁན་ཧ་ཅང་མང་།
ལི་ཐང་རྫོང་སྤྱི་བདེ་ཅུས་ཀྱིས་གཙོ་ལམ་ཁག་དུ་དམངས་ཕན་ཞབས་ཞུའི་ས་ཚུགས་བཙུགས་ནས་ལས་སྒྲུབ་རླངས་འཁོར་དུ་དབྱང་རླུང་ཤེལ་དམ་དང་ལ་དུག་སྨན་རྫས་སོགས་ཁྱེར་ནས་གལ་སྲིད་གནས་ཚུལ་བྱུང་ན་རིན་མི་དགོས་པར་མཁོ་སྤྲོད་བྱ་རྒྱུ་ཡིན་ཞིང་། ཚེ་མགོན་ཡུལ་ཤོག་གངས་ལྷ་མེ་ཏོག་ཞབས་ཞུ་ས་ཚུགས”ཀྱིས་མངགས་གཏོང་ཁང་དང་འཕྲོད་བསྟེན་ཁང་ལ་མཉམ་འབྲེལ་གྱིས་ཡུལ་སྐོར་བར་ཁྲག་ཤེད་དང་ཁྲག་དབྱང་ཞིབ་དཔྱད་ཚད་ལེན་དང་ལམ་ཐིག་མཛུབ་ཁྲིད་བཅས་བྱས་ནས་ལྔ་གཅིག་གུང་གསེང་རིང་ཕྱོགས་བཞི་མཚམས་བརྒྱད་ནས་འོང་པའི་ཡུལ་སྐོར་བར་ཞབས་ཞུ་ཡག་པོ་བྱས་པ་རེད།། ( ཀུན་དགས་བསྒྱུར།)
