国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






“ལྔ་གཅིག”རིང་ལ་དར་མདོར་གླུ་གར་འཁྲབ་སྟོན་འདི་འདྲ་བྱས།

སྤྱི་ཟླ5པའི་ཚེས4ཉིན། དར་མདོ་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པ་དང་མཉམ་འབྲེལ་གྱིས་དར་མདོ་མཛའ་གཞས་ཐང་ཆེན་དུ་གནས་མཆོག་དཀར་མཛེས་ལ། འཛོམ་པའི་ཁ་ཆད་ཡོད་ཅེས་པའི་ལྔ་གཅིག་དམངས་ཕན་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད། བྱེད་སྒོར་གནའ་དེང་གླུ་གཞས་དང་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་རིག་རྩལ་སྣ་ཚོགས་འཁྲབ་བྱས་པས་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བ་དང་ས་གནས་རང་གི་གྲོང་མིར་མི་རིགས་རིག་གནས་ཀྱི་གསོལ་སྟོན་བཟང་པོ་བཤམས་པ་རེད།

སྙན་ཞིང་འཇེབས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འབའ་གཞས་དང་ཁམས་པའི་རོལ་དབྱངས་ཚད་ཐུབ། དར་མདོའི་ཟླ་བ་སོགས་གངས་ལྗོངས་དབྱངས་སྙན་ཆེད་དུ་སྒྲོག་གཏོང་བྱས་པ་དང་། སྙན་པའི་གླུ་དང་དགའ་བའི་སྐོར་བྲོ་སོགས་འཁྲབ་སྟོན་བྱས་པས་གྲོང་མི་དང་ཡུལ་སྐོར་བ་ཚོས་གཅིག་རྗེས་གཉིས་མཐུད་ངང་གླུ་གར་གྱི་ལྟད་མོ་ལ་རོལ་མྱོང་བྱས་པ་རེད།

དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པའི་འཁྲབ་སྟོན་པ་ཚོ་མཛའ་གཞས་ཐང་ཆེན་དུ་འཛོམས་ཏེ་གླུ་གར་གྱི་མཆོད་པ་གཙང་མ་ཕུལ་བས་ཡུལ་སྐོར་བ་དང་མི་སེར་ཚོ་དགའ་སྐྱིད་དཔལ་ལ་བཀོད།

ཞི་ཨན་ནས་ཡོང་བའི་ཡུལ་སྐོར་བ་ཞའོ་ཝང་གིས་ལག་རྡང་སྦྲེལ་ནས་གར་གྱི་སྟངས་སྟབས་དང་བསྟུན་དེ་མཆོང་ལྡིང་བྱེད་ན་ཧ་ཅང་སྐྱིད་པོ་འདུག་ཅེས་བཤད། ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་བ་སུའུ་ཅཱ་ཅཱ་ཡིས་ཡུལ་མི་རྣམས་དང་མཉམ་དུ་ཞབས་བྲོ་སྐྱིད་པོ་འཁྲབ་ནས་ས་མཐོ་བས་ལུས་མི་བདེ་བའི་ཚོར་བ་ཡང་རྩ་བ་ནས་བརྗེད་སོང་ཟེར། དེ་ལྟར་ཐེངས་འདིའི་གཟུགས་མེད་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་སྣ་ཚོགས་བཤམས་པས་ཡུལ་སྐོར་བ་མང་པོས་ཐེངས་འདིའི་འགྲུལ་བཞུད་ལ་དོན་སྙིང་ལྡན་པའི་ཕྱིར་དྲན་ཞིག་ཡོད་ཅེས་བཤད་པ་རེད།།

( གསར་འགོད་པ། ཨོ་རྒྱན།)