国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བརྩེ་བའི་གཡུ་ཆུང་ དྲུག་དཀར།

འཛུམ་གྱི་མེ་ཏོག་ནམ་མཁའི་མཐོངས་སུ་བཀྲ།།

ངས་ནི་དགའ་བའི་དད་སེམས་མཆི་མར་འདྲེས།།

ཚེ་རབས་གཏན་གྱི་སྨོན་ལམ་འདི་གར་བཏབ།།

ཁྱོད་ཐུགས་བརྩེ་བའི་སྤྱན་ཟུང་སྙིང་ལ་བརྩེ།།

ཡངས་པའི་རྩྭ་ཐང་འཁྲིས་ཀྱི་མཛའ་བརྩེ་དེ།།

ངས་ནི་ལོ་དང་ཟླ་བར་བརྩེ་བས་སྲུང་།།

སེམས་ཀྱི་དམར་ས་སྙིང་གི་ཟབ་ས་རུ།།

བརྩེ་བའི་ཕྱི་མིག་ཡང་སྐོར་བསྐྱར་སྐོར་བྱས།།

དགོང་ཁའི་མཚམས་སྤྲིན་རེ་རེའི་རྫོགས་མཚམས་སུ།།

གཡོ་ཟོལ་མེད་པའི་མཛའ་བརྩེའི་རྨུ་ཐག་བསྲིངས།།

ལྷད་མེད་སེམས་པ་ཕྲ་མོའི་ལྡེབས་རིས་སུ།།

བདེ་སྡུག་རྟོག་འགྱུ་ཁྲ་མོའི་ཚོན་ཁ་བསྡེབས།།

ངས་ནི་ནམ་མཁའི་བཅོ་ལྔའི་ཟླ་བ་དང་།།

དབྱར་གསུམ་རྩྭ་ཐང་པང་གི་མེ་ཏོག་ཀྱང་།།

ཁྱེད་ཉིད་འཁྲུལ་བས་རྟོག་འགྱུའི་ལན་པ་ཡིས།།

བརྩེ་བའི་མིག་ཆུ་ཁ་ཤས་གདོང་ནས་འཕྱང་།།

གླིང་དཀར་སྟོད་ཀྱི་སེང་ལྕམ་འབྲུག་མོ་དང་།།

སུན་རྩེན་ཡུལ་གྱི་བུ་མོ་ལྕམ་སྲིང་བདུན།།

མཆོངས་རྒྱས་ཟླ་བ་སྒྲོལ་མའི་ལང་ཚོ་ཡང་།།

ཁྱོད་ཀྱི་མཛེས་སྡུག་གཞལ་དུ་མ་བཏུབ་སྙམ།།

ངས་ནི་རྟོག་བཏགས་ཡིད་ཀྱིས་ཡང་ཡང་དཔྱད།།

དད་སེམས་ཡིག་ཆུང་འབྲུ་མ་འབུམ་ཐེར་བསགས།།

ཉི་ཟླ་རིས་སུ་འཁོར་བའི་འགྲུལ་བཞུད་ཁྲོད།།

སྦས་པའི་དད་སེམས་ཤིག་གིས་ར་རོ་བསྒྱུར།།

མཛེས་སྡུག་ཡལ་འདབ་འཁྲུངས་བའི་མེ་ཏོག་ཅིག།

ཡངས་པའི་རྩྭ་ཐང་འཁྲིས་སུ་མ་བཞད་པར།།

མི་སེམས་ལྡུམ་རའི་ཚལ་ན་འཛུམ་གྱིས་འཚོ།།

དེ་ཡང་ཡིད་གཅུགས་ཟབ་པའི་རྣམ་པ་ངོམ།།

ལོ་རྒན་དྲུག་ཅུའི་ནས་ཆང་ཁམ་པ་དེ།།

བཟི་ཁའི་རོ་མཆོག་དེ་ཙམ་མི་འདུག་སྟེ།།

ཡིད་མཁའི་ངོས་ཀྱི་ཁྱེད་ཀྱི་ཞལ་རས་ལ།།

ཐ་ན་རྨི་ལམ་བཟི་བའི་རྐྱེན་དུ་འགྱུར།།

བྲིས་ན་མི་རྫོགས་བཤད་པའི་སྨྲ་ལྕེ་ཟད།།

ལྷད་མེད་བལ་དཀར་འདྲ་བའི་གཤིས་ཀ་དེ།།

རྗེ་བཙུན་སྒྲོལ་མའི་བྱིན་རླབས་ཡིན་ནམ་ཅི།།

ཐོག་མེད་གོམས་པའི་རང་བཞིན་ཨེ་ཡིན་སྙམ།།

གསེར་ལྡན་མེ་ཏོག་མཛའ་བརྩེའི་དོད་དུ་བྲིས།།

ནམ་མཁའི་སྐར་མ་ས་ཡི་རྩི་ཐོག་ཀྱང་།།

ང་ཉིད་ཁྱེད་ལ་བརྩེ་བའི་གཏའ་མར་བཞག།

ཡིད་ཆུང་མཆི་མ་བཀུ་བའི་སྒྲུང་གཏམ་བཤད།།

གྲུ་འཛིན་རི་བོའི་གཟི་དཔལ་ལྷིང་ངེར་འགྱིང་།།

ཡར་ཀླུང་གཙང་ཆུ་སྔོན་མོ་ལྷུང་ལྷུང་འབབ།།

འདི་གར་ཧ་ནེས་དྲན་པའི་བློས་བསླངས་མང་།།

མཁས་གྲུབ་ཕྱི་མིག་ཤོར་སའི་རྗེས་ཤུལ་ཟབ།།

མཛའ་བརྩེ་ཕབ་ཀྱིས་བསྙལ་བའི་བདག་གི་ཡིད།།

རྗེས་ཤུལ་མེད་པར་ཁྱེད་ཀྱི་གམ་ལ་ལོག།

ལས་འཕྲོ་སོ་སོར་ཡིན་པའི་ངང་ཆུང་གཉིས།།

འདི་གར་ལྷན་འཛོམས་མེད་པ་སུ་ཡིས་བསྐོས།།

དད་པའི་མེ་ཏོག་དྲན་པའི་ཐོང་གར་བཞད།།

མཇལ་འཛོམས་ལས་འཕྲོ་ལས་ཀྱིས་སོ་སོར་བསྐོས།།

འཁྲུལ་རྟོག་སྒྱུ་མའི་སྣང་བ་མ་ཟད་བར།།

ཁྱོད་ཉིད་བརྩེ་བའི་གཏམ་རྒྱུད་སྙིང་རེ་ཉེ།།

༼ ཚུལ་མཁས། ༽