ཞལ་ཁྱིམ་ཟླ་བ་འཛུམ་པའི་འཇོ་སྒེག་འོག།
བསྐྱོད་པའི་སྨིན་འཁྱོག་བྱི་རུའི་འཁྲི་ཤིང་རླབས།།
མཐོང་བས་སྙིང་ལ་དགའ་བའི་དཔལ་སྟེར་བའི།།
སྒྲ་དབྱངས་སྲས་མོས་ཚིག་གི་སྐྱོར་མ་མཛོད།།
བརྒྱད་གཉིས་ལང་ཚོ་ཆུ་ཤེལ་དབང་པོ་ཡིས།།
བདག་ཡིད་འཛིན་མའི་ཚལ་རབ་རྒྱས་བྱེད་པ།།
སྙིང་ཐུབ་ཡིད་ཀྱི་གསོས་སུ་སྨིན་པའི་ཁྱོད།།
སེམས་ཀྱི་སྨོན་པ་ཁྱེར་ནས་གང་དུ་ཡོད།།
བརྩེ་ཞེན་འགྱུར་ཁུག་སྟོང་གི་འབབ་སྟེགས་སུ།།
འཕྱོར་འགྲོས་ངང་པའི་རྒྱལ་མོས་འཁྱུད་པ་མོ།།
མཐོང་བའི་ཡིད་དགའ་ཀུན་གསལ་ཡིད་འོང་མ།།
ལས་ཀྱི་ཟླ་བ་དཀར་པོ་ཨེ་ཡིན་ལགས།།
ཀེ་ལ་ཤ་ཡི་ཡིད་འཕྲོག་མཛེས་པའི་ཚལ།།
གཡོ་ལྡན་བུང་བའི་མིག་གི་སྐར་མའི་རྒྱན།།
མི་སྡོད་ལྷང་ལྷང་འགུལ་བའི་ངང་ཚུལ་གྱིས།།
སེམས་ཀྱི་བུ་ཆུང་འཆིང་བའི་རྒྱ་རུ་ཚུད།།
གཞན་གྱི་ཟེར་སྒྲོས་ཙམ་གྱིས་སྐྱི་གཡའ་ཞིང་།།
མི་ཚེ་མཉམ་བཤིགས་བསམས་ནས་ཞེ་འཚེར་བའི།།
ཀླད་ཆུང་འཁོས་མེད་མི་དེ་ཁྱོད་རང་མིན།།
སེམས་ཀྱི་སྡེར་ཁ་སྒྲིག་བཞིན་ཆས་ན་བསམས།།
ལྷན་སྐྱེས་གཤིས་ཀྱི་རིས་སུ་ཕབ་པ་ཡི།།
སྤྱོད་བཟང་ངོ་མཚར་འཛིན་མའི་ལྟོ་བ་རུ།།
ལང་ཚོའི་པ་ཏྲས་འཁྱུད་པའི་མཛའ་ན་མོ།།
སེམས་ཀྱི་གཞིས་ཀ་སྲུང་བའི་ལྷ་མོ་ཡིན།།
སྤྲིན་པས་ཡོལ་བ་འཐེན་སའི་ཕར་ཤོད་ན།།
རྒོད་པོས་ཚང་མལ་བཅའ་སའི་འདབས་ཤིག་ན།།
མཚེར་ས་དྲོད་མོ་དེ་ཡི་ཐང་དཀྱིལ་ན།།
བྱིས་དུས་སེམས་ཀྱི་གཏམ་རྒྱུད་ཡིད་གར་འོང་།།
ལོ་ཟླས་ཨ་མཚར་རྩེ་བའི་ཁྱོད་དང་ང་།།
དེང་སང་ཡུལ་གྱིས་བཀར་བས་སོ་སོར་གནས།།
སྤྲིན་པའི་ཕོ་ཉ་རླུང་གི་རྒྱལ་མཚན་འདི།།
འུ་གཉིས་མཐུན་པའི་འབྲེལ་ཚབ་ཁོ་ནའོ།།
ས་འཛིན་ཁ་བས་བྲན་པའི་དགུན་དུས་འདིར།།
བརྩེ་བའི་མེ་ཁ་གསོ་བའི་ཁྱོད་དྲན་བཞིན།།
རང་སེམས་ཀོ་གྲུས་གཙང་པོ་རྒལ་དང་ལྷན།།
ཁེར་རྐྱང་སེམས་ཀྱི་ནོར་བུ་ཁྱོད་ཡིན་ནོ།།
མི་ཚེ་འཇའ་ཡི་གུར་ཁྱིམ་བཀྲ་བའི་མོད།།
ཟིན་པ་དཀའ་བའི་ཞེན་ཆགས་ལྷག་པར་ལྕི།།
ཚེ་ཐུང་ཚེ་འདིའི་མཐའ་ལ་འཁྱོངས་ནུས་ན།།
བརྩེ་བའི་དམ་ཚིག་དེ་ལས་ལྷག་གཅིག་མེད།།
ཤོག་དཀར་མེ་ལོང་འདྲ་བའི་སེམས་ཀྱི་ངོས།།
ནག་ནོག་དྲི་མས་གོས་པ་ཅང་བདེན་ནམ།།
དུང་བ་ཡིད་ཀྱི་ལྷ་ཆབ་སྔོན་མོའི་མདངས།།
མ་ཕམ་གཡུ་མཚོའི་འཇིངས་ལའང་འགྲན་པར་བཟོད།།
གནག་སྣུམ་སྐྲ་ལོའི་ལན་བུ་འཇམ་པོའི་འོག།།
ཐོ་རེངས་སྐར་ཆེན་འདྲ་བའི་མིག་ཟུང་དེས།།
མུན་པའི་ཕག་ཏུ་ཡིབས་པའི་འུག་པ་ཡང་།།
སེམས་ཀྱི་བདེ་བའི་འོད་ལ་ཁྲིད་པར་བྱེད།།
མཁོ་ཡང་མཁོ་ལ་ཅིས་ཀྱང་དགོས་ངེས་པའི།།
ལྷད་མེད་སེམས་ཀྱི་མཛའ་གཅུགས་རིང་མོ་དེ།།
ཕྱི་མའི་འཕྲང་རིམ་ལམ་གྱི་སྣེ་ནས་ཀྱང་།།
བག་ཆགས་སད་ཅིང་སླར་ཡང་འཕྲད་པར་ཤོག།
རྐང་གཉིས་མི་རུ་སྐྱེ་ལུས་བླངས་ཙ་ན།།
སེམས་ཀྱི་བག་ཆགས་གང་དུ་རྒྱུ་བ་ཡི།།
དེ་ཡི་ཕྱོགས་སུ་ལུས་འདི་བསྒྱུར་ངེས་པས།།
ཨུ་ཚུགས་མཐའ་འཁྱོངས་འདི་ལ་དགོས་པ་མེད།།
རིང་ནས་འདྲིས་པའི་འདང་བརྩེ་ཆུ་བོའི་རྒྱུན།།
ལྡོག་མེད་སེམས་ཀྱི་ཐང་ནས་ལྷུང་ལྷུང་བཞུར།།
ལས་སྐལ་ལྗོན་པའི་ཡལ་ག་གཅིག་གི་འོག །
སྐྱེ་འཆི་གཉིས་ཀྱི་རྫོགས་ཚིག་བཞི་ཤད་བྲིས།།
སྙན་ངག་ཚིག་གི་རྨ་ཀླུང་རིང་མོའི་ཁྲོད།།
བརྩེ་ཞེན་རླབས་ཕྲེང་དགུང་ལ་འཕྱུར་བ་ཉིད།།
ངོ་སྲུང་ན་བུན་ཀུན་ནས་མ་སྒྲིབ་པར།།
དྲང་སྲོང་རལ་བའི་རྩེ་ནས་ཁོ་བོས་བླངས།།
སྐྱེ་འཆིའི་ཕྲེང་བ་བར་མེད་བརྒྱུད་པའི་ཀློང་།།
སྐྱེ་བ་གཅིག་གི་གཡུ་ཆུང་འདང་རེ་ཆེ།།
སྐྱེ་རབས་འདབ་མར་རྙིད་ཅིང་མ་འཐོར་བར།།
སྐྱེ་ལུས་གཅིག་ལ་གཅེས་པར་བསྐྱང་རྒྱུ་བྱ།།
མི་ཚེ་དཔྱིད་ཀའི་གནམ་ངོ་འགྱུར་ལྡོག་མང་།།
ཚེ་སྟོད་དམ་བཅའི་མནའ་ཚིག་རི་མོ་ཡང་།།
ཚེ་སྨད་རང་གིས་རྐང་པས་སུབ་བཞིན་དུ།།
ཚེ་ལ་མི་འགྱུར་ཟེར་བའི་གླེན་པའང་མང་།།
རྟེན་འབྲེལ་རླུང་གི་འཁོར་ལོ་ལ་བརྟེན་ནས།།
འཁོར་བའི་ཟོན་ཆུ་གྱེར་དུ་འཕྱན་པའི་མོད།།
འཁོར་འདས་སྒྱུ་མའི་ཀློང་གི་ཁྱོད་དང་ང་།།
འཁོར་བའི་འདབས་ཀྱི་བྱེའུ་ཆུང་ཆུང་ཞིག །
ལུས་ཀྱི་ཐོར་ཡོ་སེམས་ཀྱི་རྟོག་པས་གཡོ།།
སེམས་ཀྱི་ཀུན་རྟོག་ཕྱི་རོལ་ཡུལ་གྱིས་བསྐྱེད།།
ལུས་སེམས་བག་མེད་འཚུབ་པའི་འཇིག་རྟེན་ནས།།
ཁྱོད་རང་བདག་གི་ལྷིང་འཇགས་ཁེར་མ་ཡིན།།
ཐ་སྙད་སྤྲིན་གྱི་བང་རིམ་རྒལ་བའི་མོད།།
དུངས་བརྗོད་ཚིག་གི་ཡོན་ཆབ་བཤམས་པ་འདི།།
རྒྱང་རིང་ཡུལ་གྱི་བརྩེ་བའི་མི་ཞིག་ལ།།
ཁ་མཚར་གཏམ་གྱི་རྫོངས་པ་དང་བཅས་ཕུལ།།
༼ ཆབ་མཛེས་དུང་། ༽
