ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ5པའི་ཚེས5ཉིན་གློག་འཕྲིན་འབྱོར་གསལ། ཚེས5ཉིན་གསར་འགོད་པས་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ5པའི་ཚེས4ཉིན། རྒྱལ་ཡོངས་ལྕགས་ལམ་ནས་འགྲུལ་པ་ཁྲི2038.3བསུ་སྐྱེལ་བྱས་ཤིང་། སྤྱི་ཟླ4པའི་ཚེས29ཉིན་ཚུན་གྱི“ལྔ་གཅིག”གུང་གསེང་རིང་གི་འགྲུལ་པ་བསུ་སྐྱེལ་བྱེད་འགོ་བཙུགས་པ་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་ནས་རིམ་རྩིས་བྱས་ན་འགྲུལ་པ་དུང་ཕྱུར1.17ཉེན་མེད་དང་བརྟན་པོ། གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་བསུ་སྐྱེལ་བྱས་ཡོད་པ་རེད།
སྤྱི་ཟླ5པའི་ཚེས5ཉིན། ལྕགས་ལམ་ནས་ཕྱིར་ལོག་བྱེད་མཁན་འགྲུལ་པ་མུ་མཐུད་དེ་མང་དུ་ཕྱིན་ཞིང་། རྒྱལ་ཡོངས་ལྕགས་ལམ་ནས་སྔོན་དཔག་བྱས་ན་འགྲུལ་པ་ཁྲི2300བསུ་སྐྱེལ་བྱ་རྒྱུ་དང་འགྲུལ་སྐྱེལ་མེ་འཁོར2225མང་དུ་བཏང་ཡོད་པ་རེད།
ལྕགས་ལམ12306གི་མེ་འཁོར་སྤ་སེ་སྔོན་འཚོང་གནས་ཚུལ་ལ་བལྟས་ན། ཚེས5ཉིན། འགྲོ་གྲངས་ཚ་ཤོས་གྲོང་ཁྱེར་གཙོ་བོ་པེ་ཅིང་དང་ཀོང་ཀྲོའུ། ཁྲེང་ཏུའུ། ཧྲང་ཧའེ། ཧང་ཀྲོའུ། ཝུའུ་ཧན། ཞི་ཨན། ཁྲུང་ཆིང་། ཧྲེན་ཀྲེན། ཀྲེན་ཀྲོའུ་བཅས་ཡིན་པ་དང་། སླེབས་གྲངས་ཚ་ཤོས་གྲོང་ཁྱེར་གཙོ་བོ་པེ་ཅིང་དང་ཀོང་ཀྲོའུ། ཧྲང་ཧའེ། ཁྲེང་ཏུའུ། ཧྲེན་ཀྲེན། ཝུའུ་ཧན། ཧང་ཀྲོའུ། ཞི་ཨན། ཀྲེན་ཀྲོའུ། ནན་ཅིང་བཅས་རེད། ནན་ཉིང་ནས་ཀོང་ཀྲོའུ་བར་དང་པེ་ཅིང་ནས་ཧྲང་ཧའེ་བར། ཁྲེང་ཏུའུ་ནས་ཞི་ཨན་བར། ཧྲང་ཧའེ་ནས་པེ་ཅིང་བར། ཧྲེན་དབྱང་ནས་པེ་ཅིང་བར། ཝུའུ་ཧན་ནས་ཧྲང་ཧའེ་བར། ཞི་ཨན་ནས་ཁྲེང་ཏུའུ་བར། ཐའེ་ཡོན་ནས་པེ་ཅིང་བར། ཀོང་ཀྲོའུ་ནས་ནན་ཉིང་བར། ཧུའུ་ཧོ་ཧའོ་ཐེ་ནས་པེ་ཅིང་བར་སོགས་ཀྱི་ས་ཆར་འགྲུལ་པ་མང་པོ་གཅིག་ཏུ་འཛོམས་ཡོད་པ་རེད།
ས་གནས་ཁག་གི་ལྕགས་ལམ་སྡེ་ཚན་གྱིས་ཕྱིར་ལོག་འགྲུལ་པ་མང་བའི་གནས་ཚུལ་ལ་ཁ་གཏད་ཧུར་ཐག་གཅོག་པ་དང་སྐྱེལ་འདྲེན་ནུས་ཤུགས་ཀྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཤིང་། ནུས་ཤུགས་ཡོད་རྒུས་འགྲུལ་པ་ཉེན་མེད་དང་གོ་རིམ་ལྡན་པའི་ངང་ཕྱིར་ལོག་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ལྕགས་ལམ་ནན་ཁྲང་ཅུས་ཚོགས་པ་སྤྱི་གཉེར་ཁང་གིས་ནན་ཁྲང་ནས་ཧང་ཀྲོའུ་བར་དང་ཅིའུ་ཅང་ནས་ཀོང་ཀྲོའུ་བར་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར381མང་དུ་བཏང་བ་དང་། དེའི་ནང་མཚན་མོའི་མྱུར་འགྲོས་ལྕགས་ལམ་གྱི་མེ་འཁོར12ཡོད་ཅིང་། རྒྱལ་ཁབ་ལྕགས་ལམ་ཀོང་ཀྲོའུ་ཅུས་ཚོགས་པ་སྤྱི་གཉེར་ཁང་གིས་ཀོང་ཀྲོའུ་དང་ཧྲེན་ཀྲེན་ས་ཁུལ་ནས་ཁྲའོ་ཀྲོའུ་དང་ཧྲན་ཐོའུ། ཀྲན་ཅང་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར707མང་དུ་བཏང་སྟེ། རྒྱལ་ཁབ་ལྕགས་ལམ་ཝུའུ་ལུའུ་མུའུ་ཆི་ཅུས་ཚོགས་པ་སྤྱི་གཉེར་ཁང་གིས་ཁྲེང་ཏུའུ་དང་ལན་ཀྲོའུ། ཧོ་ཐན་སོགས་ཐོན་མང་བའི་ཁ་ཕྱོགས་སུ་འགྲུལ་སྐྱེལ་མེ་འཁོར66མང་དུ་བཏང་བར་མ་ཟད། ས་འོག་མེ་འཁོར36མཉམ་འབྲེལ་འཁོར་སྐྱོད་བཀོད་སྒྲིག་བྱས་ཡོད་པ་རེད།།( བདེ་ཆེན་གྱིས་བསྒྱུར།)
