སྤྱི་ཟླ5པའི་ཚེས8ཉིན་ལ།ཁུལ་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས་ཆེད་དོན་སློབ་སྦྱོང(རྒྱས་འཛོམས)གྲོས་ཚོགས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་གསར་བརྗེ་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཞིང་། དཀར་མཛེས་ཁུལ་གྱི“ནུས་ཁུངས་ཁུལ”འཛུགས་སྐྲུན་དམ་པོར་དམིགས་ནས་གཤོ་བསྒྱུར་གྱི་འགན་འཁྲི་མཐའ་གཅིག་ཏུ་ཁུར་ཏེ་གོ་སྐབས་གསར་པ་དམ་དུ་འཛིན་ཞིང་། སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་གཙང་ཞིང་ཐཱན་ཉུང་ལ་ཉེན་མེད་ནུས་མཐོའི་དེང་རབས་ནུས་ཁུངས་མ་ལག་བསྐྲུན་པར་བརྩོན་ནས་སྦག་མེད་ནུས་ཁུངས་འཕེལ་རྒྱས་སྤུས་ཚད་མཐོན་པོས་དཀར་མཛེས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་ནུས་པ་སྤྲད་དགོས་ཞེས་གསུངས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་བཅས་སློབ་སྦྱོང་ནང་ཞུགས་པ་རེད།
ཚོགས་འདུར། ཁུལ་ཨུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི་ཁོངས་མིས་ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནུས་ཁུངས་གསར་བརྗེའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་བྱས་པར་མ་ཟད། ད་དུང་སློབ་སྦྱོང་གི་གཙོ་དོན་ལ་དམིགས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཏམ་བཤད་སྤེལ་རེས་ཀྱང་བྱས་པ་རེད།
ཚོགས་འདུར་ནན་གྱིས་བསྟན་དོན། གཅིག་ནི་ཟབ་སྦྱོང་ཞིབ་རྟོགས་ཁྲོད་བྱེད་ཕྱོགས་གནད་སྨིན་བྱས་ནས་ཆུ་རླུང་འོད་གཞི་གཅིག་ཅན་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྦག་མེད་ནུས་ཁུངས་དེ་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་སྒུལ་ཤུགས་གཙོ་བོར་བསྐྲུན་དགོས། གཉིས་ནི་གོ་སྐབས་དམ་འཛིན་ཁྲོད་སྒུལ་ནུས་འདོན་སྤེལ་བྱེད་པ་དང་མ་སྐུལ་དང་བླངས་ཀྱིས་རྒྱལ་ཁབ་ཀྱི་ནུས་ཁུངས་འཐབ་ཇུས་བཀོད་སྒྲིག་ནང་ཞུགས་པ་དང་། འབྱུང་ཁུངས་དྲ་བའི་གསོག་འཇོག་དང་ཆུ་རླུང་འོད་ཀྱི་དྲོད་གསོག་ནུས་མང་གསབ་རེས་ཀྱི་འཕེལ་རྒྱས་བཀོད་སྒྲིག་མགྱོགས་མྱུར་འཛུགས་སྐྱོང་བྱས་ནས་ནུས་ཁུངས་གསར་བརྗེའི་རླབས་རྒྱུན་ཁྲོད་གོ་སྐབས་དམ་འཛིན་བཅས་བྱ་དགོས། གསུམ་ནི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བ། འཆར་འགོད་ཀྱིས་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་པ། སྦག་མེད་ནུས་ཁུངས་ཀྱི་འཕེལ་རྒྱས་འཆར་འགོད་འཐུས་སྒོ་ཚང་དུ་གཏོང་བ། ནུས་གསོག་ལས་གཞི་འཛུགས་སྐྲུན་མགྱོགས་སུ་གཏོང་བ། ནུས་ཆེ་དང་བརྟན་པོ། བློས་འགེལ་ཆོག་པ་བཅས་ཀྱི་ནུས་ཁུངས་ཕྱིར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་མགྱོགས་སུ་བཏང་ནས་སྦག་མེད་ནུས་ཁུངས་ཐོན་ལས་གསར་པ་དང་ལས་རྣམ་གསར་པ་གསོ་སྐྱོང་དང་འཕེལ་རྒྱས། སྟོབས་ཆེ་རུ་གཏོང་བ་བཅས་བྱ་དགོས།།( ལྷ་འཛོམས་ཀྱིས་བསྒྱུར།)
