སྤྱི་ཟླ5པའི་ཚེས7ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲེལ་ཡོད་ལས་དོན་གྱི་སྙན་སེང་ལ་གསན་པ་དང་སླད་ཕྱིན་གྱི་གཙོ་གནད་ལས་དོན་ཞིབ་འཇུག་བཀོད་སྒྲིག་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཡང་དག་པ་བླངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་ནས་ལག་བསྟར་བཅས་བྱས་ཏེ་ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་པ། ཚན་རིག་དང་མཐུན་པའི་ཇུས་འགོད་རྒྱུན་འཁྱོངས་བཅས་བྱས་ནས་ཕྱོགས་ཁག་གི་ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་གང་ལེགས་བྱས་ཏེ་སོ་སོས་ལེགས་ཆ་དར་སྤེལ་དང་ཁྱད་ཡོན་གསབ་རེས་བྱེད་པའི་གྲོང་ཁྱེར་བར་གྱི་མཉམ་འབྲེལ་སྒྲིག་གཞི་བསྐྲུན་ནས་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་ས་གནས་གཉིས་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བའི་འཕར་སྣེ་གལ་ཆེན་ཞིག་ཏུ་ཧུར་ཐག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་བཅས་གྲོས་ཚོགས་ནང་ཞུགས་ཡོད།
ཚོགས་འདུར་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གི་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་འབྲེལ་ཡོད་ལས་དོན་སྤེལ་ཚུལ་གྱི་སྙན་སེང་ལ་ཉན་པ་དང་སླད་ཕྱིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བསྟན་དོན། དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་རྒྱུ་ནི་ས་ཁོངས་འཕེལ་རྒྱས་དོ་སྙོམས་མེད་པ་སེལ་བ་དང་། ཁུལ་ཡོངས་ཀྱི་འཕར་སྣོན་སྒུལ་ཤུགས་གལ་ཆེན་གཏོད་རྒྱུའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག་ཡིན་ལ། ད་དུང་མི་དམངས་གཙོས་བྱས་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ་དང་མི་རིགས་ཁག་གི་མང་ཚོགས་ལ་བདེ་སྐྱིད་དེ་བས་ཆེན་པོ་ཐོབ་པའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་འཐབ་ཇུས་ཀྱི་གོ་གནས་གལ་ཆེན་དང་མངོན་གསལ་དོད་པའི་སྐུལ་ཁྲིད་ཀྱི་ནུས་པ་ལྡན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས“འཆར་འགོད་མཉམ་སྒྲིག་དང་འགྲིམ་འགྲུལ་དྲྭ་མཐུན། ཐོན་ལས་སྦྲེལ་མཐུན། ཞབས་ཞུ་མཉམ་སྤྱོད། སྐྱེ་ཁམས་མཉམ་བཅོས”བཅས་ཀྱི་ལས་ཀའི་བསམ་ཕྱོགས་གཞིར་བཟུང་ཞིང་།“ཉེ་དུས་ཚད་བརྒལ་དང་། དུས་འབྲིང་མཐོར་གཏོང་། ཡུན་རིང་གཏན་ཁེལ”བཅས་ཀྱི་འཕེལ་རྒྱས་དམིགས་ཚད་གཏན་ཁེལ་བྱས་ཏེ་དཀར་མཛེས་ཁུལ་གྱི་ཡུན་རིང་བདེར་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་རྒྱབ་རྟེན་སྲ་ཞིང་བརྟན་པ་ཞིག་འདོན་སྤྲོད་བྱས་ཡོད།
ཚོགས་འདུར་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་གཉིས་ཀྱིས་འགན་འཁྲི་གཙོ་བོ་འཁུར་དགོས་པ་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་སྒྲུབ་དང་། མ་བསྐུལ་དང་བླངས་ཀྱིས་འབྲེལ་མཐུད་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་སྲིད་ཇུས་ཀྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་རྒྱག་པ། རང་ཐག་རང་གཅོད་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ནས་ཁུལ་རིམ་པའི་གཅིག་གྱུར་འཆར་འགོད་དང་ས་ཁོངས་མཉམ་འགུལ། སྡེ་ཚན་མཉམ་སྦྱོར། སྤྱི་ཚོགས་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་ཚུལ་ཆགས་པར་བྱས་ཏེ་གོང་འོག་བློ་མཐུན་སེམས་མཐུན་དང་། ཁྱབ་ཁོངས་ཡོངས་ཀྱིས་མིག་མང་གཅིག་སྒྲིལ། ལག་གདང་སྦྲེལ་ནས་མཉམ་སྒྲུབ་སྟོབས་ཤུགས་རྒྱུན་ཆད་མེད་པར་གཅིག་ཏུ་བསྒྲིལ་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་མི་དམངས་ལ་ལན་ཕུལ་དུ་བྱུང་བ་ཞིག་སྤྲོད་དགོས་ཞེས་ནན་གསུང་གནང་བ་རེད།།
( ལྷ་འཛོམས་ཀྱིས་བསྒྱུར།)
