国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱང་ཧུང་ཧྲོའུ་ཡིས་ཁུལ་ཡོངས་ཀྱི་མེ་ཟོན་དང་ཆུ་ལོག་སྔོན་འགོག། ས་གཤིས་གནོད་འཚེ་འགོག་བཅོས། ཉེན་མེད་ཐོན་སྐྱེད་བཅས་ཀྱི་ལས་དོན་ཚོགས་འདུར།

བདེ་འཇགས་འཕེལ་རྒྱས་ཀྱི་མཐིལ་ཚད་བརྟན་པོར་བསྲུངས་ནས་ཁུལ་ཡོངས་ཀྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཉེན་མེད་འགན་སྲུང་བརྟན་པོ་བྱ་དགོས།

སྤྱི་ཟླ5པའི་ཚེས8ཉིན།ཁུལ་ཡོངས་ཀྱི་མེ་ཟོན་དང་ཆུ་ལོག་སྔོན་འགོག། ས་གཤིས་གནོད་འཚེ་འགོག་བཅོས། ཉེན་མེད་ཐོན་སྐྱེད་ལས་ཀའི་གྲོས་ཚོགས་འཚོགས། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཡོངས་ཀྱི་ཆུ་ལོག་སྔོན་འགོག་དང་ཐན་འགོག། ས་གཤིས་གནོད་འཚེ་འགོག་བཅོས། ཉེན་མེད་ཐོན་སྐྱེད་ལས་དོན་དང་དེ་བཞིན་ཞིང་ཆེན་བདེ་འཇགས་ཨུ་ལྷན་གྱི2026ལོའི་ཁོངས་མི་ཡོངས་ཀྱི་བརྙན་ལམ་ཚོགས་འདུ་ཐེངས་གཉིས་པའི་སྙིང་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་ཏེ་ཁུལ་ཡོངས་ཀྱི་མེ་ཟོན་དང་། ཆུ་ལོག་སྔོན་འགོག། ས་གཤིས་གནོད་འཚེ་འགོག་བཅོས། ཉེན་མེད་ཐོན་སྐྱེད་ལས་དོན་བཅས་ལ་སླར་ཡང་བཀོད་སྒྲིག་དང་ཡང་སྐྱར་སྐུལ་འདེད་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། མིག་སྔར་ཁུལ་ཡོངས་ཀྱི་མེ་ཟོན་དང་ཆུ་ལོག་སྔོན་འགོག་གཅིག་ཐོག་གཉིས་བརྩེགས་དུས་སྐབས་དང་། ལས་གཞིའི་ཨར་ལས་ཀྱི་དུས་སྐབས་ཡག་ཤོས་དང་། དབྱར་རྩྭ་དགུན་འབུ་རྐོ་བ་དང་། ཤ་མོ་རིགས་འཐུ་བའི་དུས་སྐབས་བཅས་ལ་ཁེལ་ནས་རང་བྱུང་གནོད་འཚེ་དང་། ཉེན་ཁའི་དོན་རྐྱེན། འགལ་བ་དང་རྩོད་གཞི་བཅས་སྣ་ཚོགས་ཐོན་སླ་བ་དང་ཉེན་ཁའི་གནས་བབ་རྙོག་འཛིང་ཆེ་བ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་ཚད་མཐོ་པོ་གཉིས་གཅིག་གྱུར་འཆར་འགོད་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ལངས་ནས“ལོ་རེ་རེ་ནི་འགག་སྒྲོལ་གྱི་ལོ་ཡིན་པ་དང་དུས་ཚིགས་རེ་རེ་ནི་འགག་རྩའི་དུས་ཚིགས་ཡིན། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ་ནུས་ཤུགས་ཡོད་རྒུས་མེ་ཟོན་དང་ཆུ་ལོག་སྔོན་འགོག། ས་གཤིས་གནོད་འཚེ་འགོག་བཅོས། ཉེན་མེད་ཐོན་སྐྱེད་བཅས་ཀྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོའི་ཉེན་མེད་སྲུང་ཡོལ་བརྟན་པོ་བསྐྲུན་དགོས།

ཚོགས་འདུར་ནན་གསུང་གནང་དོན། གཅིག་ནི་ལས་དོན་སྦྲེལ་མཐུད་དམ་འཛིན་ཡག་པོ་བྱས་ནས་འགན་འཁྲི་སྒྲུབ་པའི་ཕན་ནུས་ཆེ་རུ་གཏང་དགོས། གཉིས་ནི་ཆུ་ལོག་འགོག་པ་དང་ས་གཤིས་གནོད་འཚེ་སྔོན་བཅོས་དམ་འཛིན་ཏན་ཏིག་བྱས་ཏེ་ཆུ་འབྲུབ་དུས་ཚིགས་ཉེན་མེད་ངང་བརྒལ་ཐུབ་པར་བྱ་དགོས། གསུམ་ནི་ཉེན་མེད་ཐོན་སྐྱེད་དམ་འཛིན་ཞིབ་ཕྲ་བྱས་ནས་དོན་དངོས་ཀྱི་ཉེན་མེད་ཆུ་ཚད་མཐོ་རུ་གཏང་དགོས། བཞི་ནི་གྲོང་ཁུལ་དང་ཡུལ་སྡེའི་མེ་ཟོན་དམ་འཛིན་ནན་པོ་བྱས་ནས་མེ་གསོད་ཀྱི་ཉེན་མེད་འགོག་སྲུང་འཛིང་རགས་བརྟན་པོ་བཟོ་དགོས།

ཚོགས་འདུར་ནུས་ཤུགས་ཡོད་རྒུས་སྤྱི་པའི་བདེ་འཇགས་དམ་འཛིན་ཡག་པོ་བྱེད་པ་དང་། གཉེན་སྒྲིག་དང་ཁྱིམ་ཚང་སོགས་ཀྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ཡང་དག་བྱེད་པ་དང་། སློབ་གྲྭའི་ཉེན་མེད་དོ་དམ་ལ་ཤུགས་བསྣན་ཏེ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བ་བཅས་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།

ཚོགས་འདུ་འདི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་པ་རེད། ཁུལ་སྲིད་གཞུང་གི་ལས་བགོས་ཁུལ་དཔོན་གཞོན་པ་དང་། ཁུལ་སྲིད་གཞུང་གི་དྲུང་ཆེ་སོགས་ཚོགས་འདུར་ཞུགས་ཡོད།།( ལྷ་འཛོམས་ཀྱིས་བསྒྱུར།)