ཉེ་ཆར། དུས་ཐེངས་དང་པོའི་ཁམ་བུ་སྡོང་ཕྲུག་མུའུ300ལྷག་གི་འདེབས་འཛུགས་བྱེད་སྒོ་དེ་སྡེ་རོང་རྫོང་ཛིའུ་ཡུལ་ཤོག་རོང་འགོ་གྲོང་སྡེའི་རི་རྒོད་དུ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བཞིན་ཡོད། འདི་ནི་ཏ་ཐང་སི་ཁྲོན་སྤྱི་གཉེར་རོགས་སྐྱོར་ལས་གཞི་ལག་ལེན་བསྟར་རྗེས་རོང་འགོ་གྲོང་སྡེས་འགག་རྩའི་གོམ་སྟབས་ཤིག་སྤོས་པ་ཡིན་ཞིང་། ཁམ་སྡོང་འདེབས་འཛུགས་ཀྱི་ལས་གཞི་འདིས་རི་ཆུ་སྲུང་སྐྱོང་བྱས་པར་མ་ཟད་དཔལ་འབྱོར་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་བཏོད་ཡོད།
གྲོང་སྡེ་བཅའ་སྡོད་རུ་མིས་མིག་མདུན་གྱི་སྡོང་ཕྲུག་ལ་བལྟས་ནས་རི་ཁུལ་དེ་རྡོ་ཧྲུག་མང་བའི་རི་ལྡེབས་ཤིག་ཡིན་པས་ལོ་ཏོག་འདེབས་ན་ཐོན་འབབ་མི་བཟང་བ་དང་རླུང་བུ་ལྡང་ཚེ་ཐལ་རྡུལ་གྱིས་ཁེངས་པ་རེད། སྐྱེ་ཁམས་ཉམས་ཞན་དང་འབབ་འཕར་ཞན་པའི་དཀའ་གནད་ཉིས་བརྩེགས་སེལ་ཆེད། ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གྲོང་སྡེ་བཅའ་སྡོད་ལས་དོན་རུ་ཁག་གིས་གནད་འཁེལ་བརྟག་ཞིབ་བྱས་མཐར་གྲོང་སྡེའི“ཨུ་ལྷན་གཉིས”དང “སྐྱེ་ཁམས་དཔལ་འབྱོར་སྡོང་བོ”འཛུགས་རྒྱུ་བྱས། སྡོང་བོ་དེའི་རྩ་བ་ཆེ་ཞིང་ས་བརྟན་ཆུ་སྲུང་ཐུབ་པ་དང་མཐོ་སྒང་གི་གནམ་གཤིས་དང་འཚམ་ལ། ལོ་གསུམ་ནས་ལྔའི་རིང་འབྲས་བུ་སྐྱེ་སྲིད་ལ། འབྲས་བུ་ལེགས་པར་སྨིན་པ་ཕྱིར་འཚོང་ཐུབ་པར་མ་ཟད། ཀྲུང་ལུགས་སྨན་གྱི་རྒྱུ་ཆ་ཡང་བྱ་ཆོག། ལས་གཞི་ལག་ལེན་བསྟར་རྗེས་བེད་མེད་རི་རྒོད་དང་ཐོན་ཞན་སྐམ་ཞིང་སོགས་གསེར་རི་དངུལ་རིར་བསྒྱུར་ཡོད་ཅེས་བཤད།
འདེབས་འཛུགས་བྱ་ཡུལ་དུ་གྲོང་སྡེ་བཅའ་སྡོད་རུ་མི་དང་ཡུལ་མི་ཚོས་མཉམ་དུ་ས་དོང་བརྐོས་པ་དང་། སྡོང་ཕྲུག་འཛུགས་པ། ཆུ་གཏོང་བ་བཅས་བྱེད་ཀྱི་ཡོད། ཡུལ་མི་རྣམ་རྒྱལ་གྱིས་དགོད་ཞོར་དུ་ཏ་ཐང་སི་ཁྲོན་སྤྱི་གཉེར་ཁང་གིས་ཁམ་བུ་ཐོན་ལས་ཀྱི་རོགས་སྐྱོར་མ་དངུལ་མཁོ་འདོན་བྱས་པས་ང་ཚོས་སེམས་རྣལ་དུ་ཕབ་ནས་འདེབས་འཛུགས་དང་དོ་དམ་སྲུང་སྐྱོང་བྱེད་ཀྱི་ཡོད་ཅེས་བཤད།
ས་གནས་དེ་གའི་སྡོང་ཕྲུག་མཁོ་སྤྲོད་མི་འདང་བ་དང་ཁྱབ་ཁོངས་ཡོངས་ཀྱི་འདེབས་འཛུགས་དགོས་མཁོ་བསྐང་དཀའ་བའི་དོན་དངོས་ལ་དམིགས་ཏེ་གྲོང་སྡེ་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་བབ་དང་བསྟུན་ནས་འདེབས་གསོ་ཟུང་འབྲེལ་གྱི་རྣམ་པ་འཚོལ་ཞིབ་བྱས་པ་སྟེ། ཕྱོགས་གཅིག་ནས་མྱུག་གསོའི་ཚད་འོས་འཚམ་ཉོས་ནས་ཚོད་ལྟའི་འདེབས་འཛུགས་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་གྲོང་སྡེའི་ཐུན་མོང་གིས་ས་ཞིང་ལ་བརྟེན་ནས་ཁམ་བུའི་མྱུག་གསོའི་འདེབས་གསོ་བྱས་ཏེ་མྱུག་ཆགས་རྗེས་སླར་ཡང་སྤོ་འཛུགས་བྱེད་ཀྱི་ཡོད། བྱེད་ཐབས་དེས་རོགས་སྐྱོར་མ་དངུལ་གནད་འཁེལ་དང་ནུས་ཆེའི་སྒོ་ནས་བེད་སྤྱོད་ཐུབ་པར་མ་ཟད། ཡུལ་མིའི་འབབ་འཕར་ཐབས་ལམ་ཡང་རྒྱ་ཆེར་ནུས་ལྡན་བཏང་ཡོད་པ་རེད།།
( ཀུན་དགས་བསྒྱུར།)
