སྤྱི་ཟླ5པའི་ཚེས9ཉིན། དཀར་མཛེས་ཁུལ་གྱིས2026ལོའི་སྤྱིར་བཏང་མཐོ་རྒྱུགས་དང་འབྲིང་རྒྱུགས་ཉེན་མེད་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས། ཉེན་མེད་དང་དྲང་གཞག། ཞབས་ཞུ། འགན་ལེན་སོགས་འགག་རྩའི་ལྷུ་ཚིགས་ལ་དམ་པོར་དམིགས་ནས་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་ལས་དོན་ཡོངས་ལ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་རྒྱུགས་ལེན་ཉེན་མེད་ཀྱི་མཐིལ་མཚམས་མཐའ་གཅིག་ཏུ་སྲུང་སྐྱོང་བྱ་རྒྱུ་རེད། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧོ་ཞའོ་ཕིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད་བྱས།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་ཁུལ་ཡོངས་ཀྱི་མཐོ་རྒྱུགས་མིང་ཐོ་འགོད་མཁན7139ཡོད་པ་དང་རྒྱུགས་གནས9བཙུགས་རྒྱུ་རེད། འབྲིང་རྒྱུགས་མིང་ཐོ་འགོད་མཁན14113ཡོད་པ་དང་རྒྱུགས་གནས34བཙུགས་རྒྱུ་རེད། མིག་སྔར་འགན་ལེན་སྟོབས་ཤུགས་དང་། སྒྲིག་ཆས། སྔོན་ཇུས་བཅས་ཚང་མ་དམིགས་སར་འབྱོར་ནས་ཚད་གཞི་ནན་ཤོས་དང་བྱ་ཐབས་དངོས་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མ་བདེ་བླག་ངང་རྒྱུགས་སྤྲོད་ལ་ཞུགས་པར་སྲུང་སྐྱོང་བྱ་རྒྱུ་རེད།
ཚོགས་འདུར་ནན་གྱིས་བསྟན་དོན། བདེ་འཇགས་གསང་སྲུང་དང་རྒྱུགས་སྲོལ་སྒྲིག་ཁྲིམས་ལ་དམ་འཛིན་ནན་པོ་བྱས་ནས“མི་གཉིས་དང་སྒོ་ལྕགས་གཉིས”ཀྱིས་ཆུ་ཚོད24རིང་ལས་རེས་ལམ་ལུགས་དོན་ལ་ནན་པོ་འཁྱོལ་ནས་རྒྱུགས་ཤོག་དཔར་འདེབས་དང་སྐྱེལ་འདྲེན། ཉར་ཚགས། ཚུར་བསྡུ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཧྲིལ་སྐྱོང་ལེགས་འཁོར་གྱི་དོ་དམ་བྱས་ནས་རྒྱུགས་གཞི་དང་རྒྱུགས་ཤོག་གི་བདེ་འཇགས་ལ་འགན་ལེན་བྱ་དགོས། དཔལ་འབྱོར་ཆ་འཕྲིན་དང་སྤྱི་བདེ། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་སོགས་ཀྱིས་མཉམ་འབྲེལ་ཐོག་སྐུད་མེད་གློག་གཏོང་སྒྲིག་ཆས་ཕྱིར་འཚོང་ཁྲོམ་རར་བཅོས་སྒྲིག་བྱས་ནས་གཏན་འཇགས་ལྟ་ཞིབ་ཚད་ལེན་དང་འཁྱེན་འཕྲིན་སྐོར་ཞིབ། དྲྭ་ཐོག་དབྱེ་ཞིབ་སོགས་བྱ་ཐབས་གང་ལེགས་སྤྱད་དེ་ཚན་རྩལ་གཡོ་ལས་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་གཏང་དགོས། དྲྭ་འཕྲིན་སྡེ་ཚན་གྱིས་དུས་མཉམ་དུ་ཆུ་ཚོད24རིང་གི་གླེང་ཕྱོགས་ལྟ་ཞིབ་ཚད་ལེན་བྱེད་འགོ་བཙུགས་ནས་རྒྱུགས་ལེན་དང་འབྲེལ་བ་ཡོད་པའི་དཀྲོག་གཏམ་དང་དྲ་བའི་ཁ་སླུ་ལ་ཞིབ་བཤེར་ནན་པོ་བྱས་ཏེ་དྲ་བའི་ཁོར་ཡུག་གཙང་མ་ཡོང་བར་སྲུང་སྐྱོང་བྱ་དགོས།
ཚོགས་འདུ་དེ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་དང་རྫོང(གྲོང་ཁྱེར)གི་རྒྱུགས་ལེན་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རྒྱུགས་གནས་སློབ་གྲྭའི་འགན་ཁུར་བ་རྣམས་ཚོགས་ར་གཙོ་བོ་དང་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས།།( གསར་འགོད་པ། རྟ་མགྲིན་རྡོ་རྗེ།)
