གྱོད་དཔེ།
དགའ་སྐྱིད་ནི་སློབ་ཆེན་གྲགས་ཅན་ཞིག་ནས་མཐར་ཕྱིན་རྗེས། ཕྱི་འབྲེལ་ཁེ་ལས་ཤིག་གིས་ཐད་ཀར་གདན་ཞུ་བྱས། མོ་ཀུང་སིའི་ནང་དུ་ལས་ཀར་འཇོན་ཞིང་རྣམ་འགྱུར་ཡག་པས་སྦྱིན་བདག་གིས་ཀྱང་བློར་བབས་ཏེ། 2021ལོའི་ཟླ4པར་ཀུང་སིའི་ཚོང་ར་པུའུ་ཡི་སྤྱི་ཁྱབ་ལྟ་སྐུལ་བར་བསྐོས། ལོ་དེའི་ཟླ5པར། དགའ་སྐྱིད་ཀྱིས་ཕྱི་རུ་གཞུང་གི་ལས་གཞི་ཆེན་པོ་ཞིག་ལ་གན་རྒྱ་གཞག་དགོས་ཤིང་། སྔ་དྲོའི་ཆུ་ཚོད9པའི་སྟེང་གི་གནམ་གྲུར་བསྡད་དགོས་པས། བྲེལ་འཚུབ་ངང་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་རྗེས། མོས་ཁ་ལོ་བར་རང་ཉིད་འདུག་སའི་གནམ་གྲུ་ནི་ཆུ་ཚོད9སྟེང་གི་ཡིན་ལ། ད་ནས་འཕུར་བའི་བར་དུ་ཆུ་ཚོད་ཕྱེད་ཀ་ལས་མེད་པས་ཁོ་རང་མགྱོགས་མྱུར་ངང་འགྲོ་དགོས་པའི་རེ་བ་ཞུས། ཁ་ལོ་བས་དེའི་ལན་དུ་འདང་རྒྱག་མེད་ཅེས་བཤད་པར་མ་ཟད། ད་དུང་ཆེས་མང་ནའང་སྐར་མ20ཡིས་གནམ་གྲུ་འབབ་ཐང་ལ་སླེབ་ཐུབ་ཅེས་ཁས་ལེན་བྱས། ཡིན་ནའང་ཉིན་དེར་ཁ་ལོ་བས་ལམ་བསྐོར་བ་སོགས་བྱས་པས། ཁོ་གཉིས་གནམ་གྲུ་ཐང་དུ་སླེབས་དུས་གནམ་གྲུ་སྔ་མོ་ནས་འཕུར་ཟིན་པས་མོས་གནམ་གྲུའི་རྗེས་མ་ཆོད་པར་མ་ཟད། སྒོར་ཁྲི50ཡི་ལས་གཞི་དེ་ལ་གན་རྒྱ་ཡང་འཇོག་མ་ཐུབ་པས་ཁོང་ཁྲོ་ཆེན་པོ་ལངས་ཏེ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བས་གྱོང་གུད་ལ་སྐྱིན་ཚབ་འཇལ་དགོས་པའི་རེ་བ་བཏོན།
བཅའ་ཁྲིམས་དབྱེ་ཞིབ།
གྱོད་དོན་འདི་ནི་གན་རྒྱ་དང་འགལ་བའི་སྐྱིན་ཚབ་འཇལ་ཁོངས་ཀྱི་གནད་དོན་ཞིག་ཡིན་ལ། དགའ་སྐྱིད་ཀྱི་རེ་ཞུ་ལ་ཁྲིམས་ཁང་གིས་རྒྱབ་སྐྱོར་འཐོབ་དགོས་པ་ཞིག་ཡིན་སྟེ། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན584པའི་གཏན་འབེབས་ལྟར་ན། ཁ་ཆད་དང་འགལ་བའི་གྱོང་གུད་ལ་སྐྱིན་ཚབ་ཆ་ཚང་འཇལ་དགོས་པའི་རྩ་དོན་སྤྱད་རྒྱུ་དང་། ཁ་ཆད་དང་འགལ་བའི་ཕྱོགས་ཀྱིས་གནོད་འཚེ་ཕོག་མཁན་གྱི་ཁ་ཆད་དང་འགལ་བའི་བྱ་སྤྱོད་ལས་གྱོང་གུད་བྱུང་རིགས་ཚང་མར་སྐྱིན་ཚབ་འཇལ་དགོས་ཤིང་། དེའི་ནང་དུ་དོན་དངོས་ཀྱི་གྱོང་གུད་དང་ཐོབ་སྲིད་པའི་ཁེ་ཕན་གྱི་གྱོང་གུད་བཅས་ཀྱང་འདུ།
གྱོད་དོན་འདིའི་ནང་དུ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བར་མཚོན་ན། ས་ཁུལ་དེའི་གནས་ཚུལ་ལ་ཆ་རྒྱུས་ཡོད་དགོས་པར་མ་ཟད། དུས་ཚོད་དང་ལམ་ཐིག་སོགས་ལའང་ཚོད་དཔག་གང་ལེགས་ཐུབ་དགོས། དོན་དངོས་སུ་ཁོས་ལམ་བསྐོར་ནས་སྣུམ་བརླག་པའི་ནོར་འཁྲུལ་གྱི་བྱ་སྤྱོད་དེས། དགའ་སྐྱིད་ཀྱིས་གནམ་གྲུའི་རྗེས་མ་ཆོད་པར་མ་ཟད། ད་དུང་སྒོར་ཁྲི50ཡི་ལས་གཞི་ལ་གན་རྒྱ་འཇོག་མ་ཐུབ་པའི་གྱོང་གུད་བཟོས་པར་མངོན་ཡོད། འདིར་ཁ་ལོ་བ་ནི་རླངས་འཁོར་སྤྱི་གཉེར་ཁང་གི་ལས་བྱེད་མི་སྣ་ཡིན་པས། ཁོའི་བྱ་སྤྱོད་དེའི་འགན་འཁྲི་ནི་གླ་གཏོང་རླངས་འཁོར་སྤྱི་གཉེར་ཁང་གིས་འཁུར་དགོས། འོན་ཀྱང་གླ་གཏོང་རླངས་འཁོར་སྤྱི་གཉེར་ཁང་གིས་དགའ་སྐྱིད་ལ་སྐྱིན་ཚབ་སྤྲད་རྗེས། ཁ་ལོ་བ་དེར་སྐྱིན་ཚབ་བདའ་འདེད་བྱེད་པའི་དབང་ཆ་ཡོད།།
( ཀུན་དགས་བསྡུས།)
