1936ལོའི་ཟླ་བ་གཉིས་པ་དང་གསུམ་པའི་བར། དམར་དམག་འབུམ་ཤོག་བཞི་པའི་སྤྱི་ཁྱབ་ཁང་སི་ཁྲོན་ལུའུ་ཧྲན་རྫོང་གི་བྱང་སྒོའི་ཉེ་འདབས་ནས་བྱང་དུ་བསྐྱོད་དེ་རི་བོ་གྱ་གྱུ་བརྒལ་རྗེས་རོང་བྲག་རྫོང་དང་རྟའུ་རྫོང་བརྒྱུད་དེ། བྲག་མགོ་རྫོང་གི་ཤར་སྒོའི་ཉེ་འདབས་ཀྱི་རྩྭ་ཐང་དུ་བསླེབས། རྩྭ་ཐང་དུ་རྩྭ་ཆུ་བཟང་ཞིང་བོད་མིས་དེར་ཕྱུགས་འཚོ་བཞིན་ཡོད་ལ། རྟ་ནོར་ལུག་གསུམ་མེ་ཏོག་ཕྲ་ཚོམ་བཀོད་པ་འདྲ་ཞིང་། མཚམས་རེར་བོད་རིགས་ཀྱི་ལ་གླུ་སྙན་མོ་གྲག་གིན་འདུག།
བྲག་མགོ་རྫོང་གི་ནུབ་སྒོའི་ཉེ་འདབས་ཀྱི་ཆུ་ཕྲན་ཟུར་དུ་བོད་མིའི་ཁང་པ་འགའ་ཡོད་ལ། མང་ཆེ་བ་བུད་མེད་ཁྱིམ་སྲུང་བ་བསྡད་ཡོད། དམར་དམག་འབུམ་ཤོག་བཞི་པའི་སྤྱི་ཁྱབ་ཁང་ཉེན་སྲུང་སྒར་ཤོག་གི་བརྒྱ་ཤོག་གཅིག་དེར་བསྡད་ཡོད་ཅིང་། འཐབ་འཛིང་བ་ལའོ་ཀྲང་ནི་དེའི་ཡ་གྱལ་ཡིན། ཆུ་ཕྲན་ནུབ་ངོས་ཀྱི་ས་ཁོད་ཡངས་སར་དམར་དམག་འབུམ་ཤོག་བཞི་པའི་སྤྱི་ཁྱབ་མཁོ་སྤྲོད་ཁང་དེར་བཙུགས་ཡོད། དེ་ནས་ནུབ་ཏུ་སོང་ན་ཆུ་ཆེན་ཁོག་ཡིན་ཞིང་། རི་ལ་གདོད་མའི་ནགས་ཚལ་སྟུག་པོ་ཡོད་པས་ཤིང་སྐམ་པོ་མང་ལ་དམར་དམག་གི་བུད་ཤིང་དཀའ་ངལ་བསལ་ཐུབ། སྤྱི་ཁྱབ་ཁང་བྲག་མགོ་དགོན་པའི་ལམ་ཆེན་གྱི་ཤར་སྒོར་གནས་ཤིང་རྩྭ་ཐང་གི་ཉེ་འགྲམ་དུ་ཡོད། གནམ་གཤིས་གྲང་ངར་ཆེ་བས་སྤྱི་ཁྱབ་ཁང་གིས་མི་ཚང་མར་བལ་གྱི་སྟོད་གོས་དང་དོར་མ་གྲ་སྒྲིག་བྱ་དགོས་པའི་བླང་བྱ་བཏོན། ཡིན་ན་ཡང་འཐབ་འཛིང་བ་ཚོས་བལ་སྐུད་ཀྱང་འཁེལ་མི་ཤེས་པས་བོད་མི་སྐུལ་སློང་བྱ་རྒྱུའི་རེ་འདུན་འཆང་བ་ལས་ཐབས་མ་རྙེད། ཐོག་མར་བོད་མི་མང་ཤོས་རི་ལ་ཕྱིན་ནས་གབ་པ་དང་། རྒན་རྒོན་ཁ་ཤས་ཁྱིམ་སྲུང་ལས་བསྡད་མེད། སྐད་མི་གོ་བས་འགལ་རྐྱེན་ཆེན་པོ་བཟོས། དམར་དམག་གིས་ཐུང་སི་བརྒྱུད་དེ་མི་རིགས་སྲིད་ཇུས་དང་མི་དམངས་ཡོངས་མཐུན་སྒྲིལ་བྱས་ཏེ་རི་འགོག་རྒྱལ་སྐྱོབ་ཀྱི་ལྟ་བ་དྲིལ་སྒྲོག་བཏང་བར་མ་ཟད། ད་དུང་ཐང་ཆེན་དུ་སྦྱར་ཡིག་བྲིས་པ་དང་གཏམ་བཤད་ཀྱང་སྤེལ་བ་རེད། དེ་དང་མཉམ་དུ་སྒྲིག་ལམ་དམ་པོར་བསྲུངས་པ་སྟེ། དགོན་པ་དང་དར་ལྕོག་བཙུགས་ཡོད་པའི་གནས་རིར་གནོད་འཚེ་མི་བྱེད་ཅིང་། བོད་རིགས་བུད་མེད་ལ་བརྙས་མི་རྐོ་བ། དངོས་རྫས་ལེན་སྤྱོད་ཚང་མ་ལག་དངུལ་ནས་སྤེལ་རེས་དང་ཉོ་འཚོང་དྲང་ཞིང་བདེན་པ་བཅས་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་མིའི་སེམས་པ་དལ་གྱིས་བཀུག། སྐབས་དེར་དཔྱིད་རྨོད་ལ་འཁེལ་བ་དང་། དམར་དམག་གིས་ཞིང་འདེབས་མཁན་མེད་པར་མཐོང་རྗེས། གཤོལ་མདའ་དང་འཇོར་ཁུར་ནས་ཞིང་འདེབས་རོགས་བྱས། བོད་རིགས་བུད་མེད་ཚོས་སྲུབས་ཇ་དང་རྩམ་པ་ཁུར་ཡོང་ན་ཡང་འཐབ་འཛིང་བ་ཚོས་ཚིག་འཇམ་པོའི་སྒོ་ནས་ཁས་མ་བླངས་ཤིང་། ཟས་ཟ་རན་དུས་སྒར་སར་ལོག་ནས་ཟ་བ་རེད། ཉིན་ལྔ་དྲུག་བརྒལ་རྗེས། ཞིང་འདེབས་པའི་ལས་འགན་ཚར་བ་དང་། དམར་དམག་གཞི་ནས་སྒར་སར་ལོག་སྟེ་རྩྭ་ཐང་བརྒལ་བར་མཁོ་བའི་བཟའ་འབྲུ་དང་དངོས་རྫས་གྲ་སྒྲིག་བྱས་པ་རེད།
མཐར་དམར་དམག་གི་བྱ་སྤྱོད་ཀྱིས་ཁྱིམ་སྲུང་བོད་རིགས་བུད་མེད་རྒན་རྒོན་ཚོར་སེམས་འགུལ་ཐེབས་པ་དང་། ཁོ་ཚོས་ཕྱིར་སོང་བའི་གཉེན་ཉེ་ཚོ་ཚུར་བོས་པ་རེད། གཟའ་འཁོར་གཅིག་ལས་མི་འགོར་བར་བོད་མི་ཚང་མ་གྲོང་སྡེར་ཕྱིར་ལོག་པར་མ་ཟད། ད་དུང་དམར་དམག་ཁྱིམ་དུ་མགྲོན་པོར་ཁྲིད་དེ་སྲུབས་ཇ་དང་རྩམ་པས་སྣེ་ལེན་བྱས། ད་དུང་ཁང་པ་ཡག་པོ་བཤུག་ནས་དམར་དམག་སྡོད་དུ་བཅུག་པ་དང་། ནད་པར་ལྟ་གཉོར་བྱེད་པ་སོགས་དམག་དམངས་བར་མཛའ་བརྩེ་མཉམ་གནས་ཀྱི་རྣམ་པ་དེ་ནས་འགོ་བཙུགས་པ་རེད།
འཐབ་འཛིང་བ་ཚོས་བོད་རིགས་བུ་མོ་རྣམས་ཀྱིས་དར་སྐུད་ལ་དགའ་བ་དང་ལྷག་པར་དར་དང་མདུང་དུ་བཏགས་ཡོད་པའི་ཤམ་བུ་དམར་པོར་ལྷག་པར་དགའ་བ་ཤེས་ཚེ། དེའི་རིགས་ཀྱི་རྒྱན་ཆ་ཆུང་རིགས་ཁོ་ཚོ་ལ་བྱིན་པར་མ་ཟད། བུ་མོ་ཚོ་སྒར་སར་གདན་དྲངས་ནས་མཉམ་སྤྲོའི་ཚོགས་འདུ་འཚོགས་པ་རེད། དམག་དམངས་བར་གྱི་བརྩེ་དུང་ཉིན་རེ་བཞིན་ཇེ་ཟབ་ཏུ་ཕྱིན་པས་བོད་མིས་མ་སྐུལ་དང་ལེན་གྱིས་ནས་དང་གྲོ་བྱིན་པ་དང་དམར་དམག་གིས་རིན་གོང་ལྟར་དངུལ་སྤྲད། དམར་དམག་གིས་བལ་གྱི་གོས་དང་དོར་མ་གྲ་སྒྲིག་བྱ་དགོས་པའི་གནས་ཚུལ་གོ་རྗེས་ཁོ་ཚོས་བལ་བྱིན་པར་མ་ཟད། ངང་རྒྱུད་རིང་པོས་འཐབ་འཛིང་བ་ཚོར་བལ་འཁེལ་སྟངས་དང་བལ་གོས་སླ་སྟངས་བསླབས་པ་རེད། ཡུན་རིང་མ་འགོར་བར་འཐབ་འཛིང་བ་ཚོས་བསླས་རྩལ་ཁོང་དུ་ཆུད་དེ་དགོས་ངེས་ཀྱི་མཁོ་རྫས་གྲ་སྒྲིག་ཚགས་ཚུད་བྱས་ཐུབ་ཡོད།
དེའི་རྗེས་སུ་ཏང་ཀྲུང་དབྱང་གིས་དམར་དམག་འབུམ་ཤོག་གཉིས་པ་(བློ་མཐུན་ཧོ་ལུང་གིས་སྣེ་ཁྲིད་པ)བྱང་དུ་བསྐྱོད་དེ་དཀར་མཛེས་ལ་དམར་དམག་འབུམ་ཤོག་བཞི་པ་དང་དམག་འཛོམས་བྱུང་རྗེས་མཉམ་དུ་རྩྭ་ཐང་བརྒལ་བའི་གཏན་འབེབས་བྱས། གོང་རིམ་གྱིས་སྤུན་ཟླའི་དམག་དཔུང་ལ་རྩྭ་ཐང་བརྒལ་བྱེད་ཀྱི་དངོས་རྫས་གྲ་སྒྲིག་བྱ་དགོས་པའི་འབོད་སྐུལ་བྱས་རྗེས། འཐབ་འཛིང་བ་ཚོར་སྤྲོ་སེམས་ཚད་མེད་སྐྱེས་ཏེ་ཉིན་མཚན་ལྟོས་མེད་ཀྱི་ངང་བལ་གྱི་སྟོད་གོས་དང་དོར་མ་བསླས་པ་དང་། བོད་མིའི་རོགས་རམ་འོག་ཏུ་མགྱོགས་གང་ཐུབ་ཀྱིས་གྲ་སྒྲིག་བྱས་ཚར་སོང་།
འགྲོ་ཁར་ལུས་ལ་གྱོན་ཡོད་པའི་བལ་གྱི་སྟོད་གོས་དང་དོར་མ། གྲ་སྒྲིག་བྱས་པའི་བཟའ་འབྲུ་ལ་བལྟས་ནས་འཐབ་འཛིང་བ་ཚོའི་མིག་ལ་མཆི་མ་འཁོར། རྨས་མ་ཚབས་ཆེན་མང་པོ་བོད་མིས་ལྟ་གཉོར་སྨན་བཅོས་བྱ་རྒྱུར་བཞག་པ་དང་། རྗེས་མར་ཁོ་ཚོ་ས་གནས་དེ་གའི་གསར་བརྗེའི་རྐང་འཛིན་པར་གྱུར་ཡོད། སྐྱེལ་མའི་སྐབས་སུ་དམག་དམངས་ཚོས་ལག་པ་འཇུས་རེས་དང་སྙིང་གཏམ་བཤད་རེས་བྱས་ཤིང་། འབྲལ་མི་ཕོད་པའི་ངང་ཚུལ་ལྷག་པར་མངོན། འཐབ་འཛིང་བ་ཚོར་མི་རིགས་ཁག་གི་མི་དམངས་ཀྱི་རྒྱབ་སྐྱོར་ཡོད་ཚེ་བྱང་སྐྱོད་ངེས་པར་ལམ་དུ་ལྷོང་བའི་ཡིད་ཆེས་བརྟན་པོར་ཡོད་པར་མ་ཟད། རྒྱལ་ཁ་ཐོབ་པའི་གཏམ་བཟང་མཛའ་ཞིང་བརྩེ་བའི་བོད་རིགས་སྤུན་ཟླ་ཚོར་སྔར་ཙམ་བསྒྲག་པར་རེ་སྒུག་བྱེད་བཞིན་ཡོད་དོ།།( ལོ་ཙཱ། སྐལ་ཐུབ།)
