ཡ་གིའི་ཨ་སྔོན་དགུང་གི་ནམ་མཁའ་ཡངས་ཤིང་ཆེ་བ།།
ཡང་ན་དེ་ཡི་འོག་གི་སྤྲིན་དཀར་དལ་ཞིང་གཡོ་བ།།
ཡང་ན་དེ་མཐའི་བྱ་ཁྱུ་གཤོག་རྡང་བསྒྲིགས་ཤིང་འཕུར་བ།།
ཡང་ན་དེ་ཡི་འོག་གི་རི་བོ་ཁ་བས་བརྒྱན་པ།།
ཡང་ན་རི་འགོ་དེ་གར་སྨུག་པ་ལང་ལོང་འཐིབས་པ།།
ཡང་ན་ཡུལ་དང་ལུང་པར་སིམ་སིམ་ཆར་པ་འབབ་པ།།
ཡིད་འོང་འཇའ་སྣེ་དེ་ནི་སྤང་གི་གཡས་གཡོན་ཟུག་པ།།
དེ་རུ་སྐྱེས་པའི་རྩི་ཤིང་འགོ་ལྕོག་གཡོ་ཞིང་ལྡེམ་པ།།
དེ་གར་འཁོར་བའི་རི་དྭགས་མགོ་སྣ་ཀྲོག་ཀྲོག་བྱེད་པ།།
དེ་གར་བཞུར་བའི་ཆུ་ཕྲན་དྭངས་གཙང་དྲི་མ་མེད་པ།།
དེ་རུ་འཚོ་བའི་མི་རྣམས་འཚེ་མེད་ཞི་བདེར་སྨོན་པ།།
དེ་གར་གནས་པའི་མི་ཚོའི་གཤིས་འཇམ་གཞུང་རྒྱུད་ཡག་པ།།
སེམས་ལ་བྱམས་སེམས་ལྡན་ཞིང་རྒྱུད་ལ་དད་པ་ལྡན་པ།།
མི་ཚེ་རྟག་པ་མ་ཡིན་རླུང་ཁའི་མར་མེ་འདྲ་བ།།
མགོ་སྦྲ་མཐིང་སྨུག་གྲུ་བཞི་གཏན་གྱི་གཞི་ཁྱིམ་དྲོན་མོ།།
རྒྱབ་ཏུ་སློག་པ་གྱོན་ཞིང་ཟས་སུ་རྩམ་པ་གསོལ་བ།།
རྩྭ་ཐང་ལག་ཏུ་བླངས་ཏེ་སྒོ་ཕྱུགས་ཐང་མར་བརྡལ་བ།།
དེ་རུ་འཚོ་བའི་མི་ཡིས་དགའ་སྡུག་སེམས་སུ་ཉར་ཏེ།།
སེམས་ཀྱི་དགའ་སྐྱོ་ཆགས་སྡང་སྙན་མོ་གཞས་སུ་འགུག་པ།།
མ་གིའི་མཚོ་དང་མཚེའུ་དྭངས་གསལ་མེ་ལོང་འདྲ་བ།།
ཡང་ན་དེ་ཡི་ནང་གི་ཉ་མོའི་འཁྱུག་འགྲོས་མཛེས་པ།།
ཡང་ན་རླུང་གིས་གཡོ་བའི་ཆུ་ཡི་རླབས་རིས་ཡག་པ།།
དེ་ཡི་ཁ་རུ་འཁོར་བའི་ངང་ཆུང་ཆ་གཅིག་མཛེས་པ།།
ཡང་ན་མཐའ་རུ་སྐྱེས་པའི་རྩྭ་དང་རྩི་ཏོག་ཡག་པ།།
མིན་ན་དེ་གར་བཞག་པའི་སྣ་བརྒྱའི་མེ་ཏོག་མཛེས་པ།།
ཡང་ན་དེ་མཐའི་བྱ་བྱེའུ་སྐད་སྙན་སིང་སིང་སྒྲོག་པ།།
ས་གཞི་ཡངས་ཤིང་ཆེ་བའི་རི་དང་སྤང་ཐང་ཡག་པ།།
ཁ་ལས་དགུང་ལ་ཉམས་པའི་སྟག་ཤར་ཉི་མ་འདྲ་བ།།
འཛུམ་པའི་སོ་ཕྲེང་ངོམ་པའི་སྨན་ཤར་ཟླ་གཞོན་འདྲ་བ།།
སྟག་ཤར་ཁ་ཞག་གྱི་ལེར་སྨན་ཤར་ཁུ་ཞག་ལྡེམ་མེར།།
སྟག་ཤར་ཁ་ལས་རྟ་ཡིན་རྟ་ནི་མགྱོགས་པ་རླུང་ཡིན།།
མགོ་སྣ་གཡུ་འབྲུག་འདྲ་བའི་རྟ་ཕོ་སྒ་ཆ་འཛོམས་པ།།
མར་ཆུར་རི་རབ་འཁྱིལ་བའི་འབྲི་མོ་གཡང་གིས་སྲུང་མ།།
གདངས་ལ་སྙན་དབྱངས་ལྡན་པའི་ལུག་ཆུང་ག་ཞེས་སྨུག་ཅེས།།
གཡང་ར་གྲུ་བཞི་ནང་གི་གཡང་ཟོག་གཡང་གི་རུ་མ།།
མི་ལ་ཁ་དགེ་བཀྲ་ཤིས་ཚེ་རིང་ནད་མེད་ཡོང་ཤོག།
ཕྱུགས་ཀྱི་འཕེལ་ཁ་དར་ཞིང་ནོར་གྱིས་རི་རབ་གང་ཤོག།
ཡུལ་དེར་དུས་བདེ་ཞི་འཇགས་ཁ་དྲོ་བཀྲ་ཤིས་ཡོང་ཤོག།
༼ དགུ་བ། ༽
