མུ་མཐའ་མེད་པའི་སེམས་ཀྱི་སྟོང་ཁམས་ན།།
གཅིག་པུར་རྒྱུ་བའི་བདག་ཡིད་ཕྲ་མོ་འདི།།
འཁྲུལ་རྟོག་སྒྱུ་མའི་སྣང་ཤེས་མ་རྫོགས་པར།།
འཁོར་འདས་རྨི་ལམ་གཙང་པོའི་རྒྱུན་ལ་བདའ།།
འདི་ན་སད་དཀར་མདའ་མོས་ཕོག་པ་ཡིས།།
སྟོན་མཇུག་ལོ་མའི་ཚོགས་ཀྱང་རླུང་བུས་གཙེས།།
ལང་ཚོ་རྙིད་པའི་འདབ་མ་འདི་ན་འཐོར།།
དེ་ཡང་མི་སེམས་བསྐྱོམས་པའི་རྐྱེན་དུ་གྱུར།།
ངས་ནི་སྤྱིལ་བུའི་སྒམ་ཆུང་གྲུ་བཞིའི་ནང་།།
ཇ་དམར་ཁ་བཙན་ཆེ་ཡང་ཧུབ་བཏུང་སྟེ།།
ལྷད་མེད་ངག་གི་རྒྱལ་མོ་དབྱངས་ཅན་མའི།།
སྙན་པའི་ཚིག་གི་བུ་མོ་བག་མར་བསུས།།
འདི་ན་མི་སེམས་བསླུ་བའི་ཆོ་འཕྲུལ་ཏེ།།
སེམས་ལ་བཏབ་པའི་མེ་ཏོག་ཚོམ་བུ་རེ།།
བདག་འཛིན་གསེར་དང་དངུལ་གྱིས་སྒྲོག་གུས་བཅིངས།།
དེ་ཡང་ཞེན་ཆགས་མདའ་མོ་སྟོང་ལ་བཞག།
ཀུན་གསལ་ཡིད་ཀྱི་རྒྱ་མཚོ་དྭངས་མ་རུ།།
སྲིད་པ་སྤྲིན་གྱི་འགྱུ་བའི་གཟུགས་བརྙན་འཆར།།
མཁའ་ལྡིང་གཤོག་རྩལ་འགྲན་པའི་ལྟད་མོ་ངོམ།།
བདག་ཡིད་ཀུན་འཛིན་བུ་མོ་བདེན་པར་རློམ།།
ལྷད་མེད་ནང་སེམས་ཕྲ་མོ་གར་མཁན་མ།།
གཅིག་པུར་འོང་ལ་གཅིག་པུར་ལོག་པའི་ཚེ།།
འདི་སྣང་འཁོར་བའི་རྒྱན་ཆས་མ་སྤུད་དེ།།
མཐའ་བྲལ་ཆོས་ཉིད་དབྱིངས་སུ་བསྡུ་བ་མཛད།།
ཡིད་མཁའི་མེ་ལོང་དྭངས་མའི་དྭངས་མ་རུ།།
མ་བཅོས་འཛུམ་པའི་ངག་གི་དབྱངས་ཅན་མ།།
བརྩེ་བའི་ཉམས་ལ་དགའ་བའི་འཛུམ་གྱིས་བྲེལ།།
ཁྱོད་སེམས་བདག་ལ་དབང་ན་ཅིས་མ་ཆོག།
༼ ཚུལ་མཁས། ༽
