国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞེ་སྣང་ལས་འཐོར་ བའི་སྤྲོས་པ།

ཞེ་མཐུན་གྱི་ལས་ལ་རླུང་གི་མེ་ཏོག་བཞད།།

ལས་སྣང་གི་འཆར་ཡན་སྨག་གིས་རབ་རིབ་བྱ།།

སྟོང་བསམ་གྱི་ངག་འཆལ་ཚིག་དང་ཆིག་ལབ་ན།།

འོད་མེད་ཀྱི་མཚན་མོར་ངག་གི་ཆ་འཇོག་ཡོད།།

ལོ་ཟླ་ཡི་ངལ་དུབ་ཆང་གིས་བརྩེ་འཛུམ་བྱེད།།

ལྷ་ཚོགས་ཀྱི་མགུར་མ་ཟླ་བས་འཚོ་བར་རེག།

ཚུལ་འཆོས་ཀྱི་ཞལ་རས་ལས་དང་གྲིབ་ལ་ཅེར།།

དྲན་ཚད་དང་ངང་སྒུག་ཞེ་ཡི་བར་ཐག་ཡིན།།

ཕྱི་ནང་གི་ཆང་རག་རྨི་ལམ་བར་དུ་རྔུབ།།

འདི་སྣང་གི་ཤོག་སྐྱ་སྒྱུ་མའི་ཟློས་གར་འདྲ།།

འཁོར་བ་ཡི་ཚིག་ནི་གོམ་པའི་རྡོག་སྒྲ་ལ།།

ལྷིང་འཇགས་ཀྱི་ཞི་བ་མུན་པའི་མར་མེ་ཡིན།།

ནམ་ཟླ་ཡི་ངང་ཚུལ་ཉིན་སྲིབ་ཁམས་ལ་འདྲེས།།

སྟོང་ཉིད་ཀྱི་ལྷ་སྐད་ཁེར་རྐྱང་ནགས་སུ་འཚོལ།།

རེ་དོགས་དང་འཛིན་པ་འཁོར་བའི་གཟེབ་ཏུ་བྲེག།

ཉམ་ཐག་གི་མགུར་གླུ་སྐྱོ་བའི་ཐང་ནས་ལེན།།

གྲང་ངར་གྱི་དོན་སྙིང་གློ་བའི་ཉེ་བར་བཅར།།

ཚུགས་ཀ་ཞིག་ཡོད་ཚེ་ལམ་གྱི་ངོ་སོ་བསྟོད།།

འུར་ཟིང་དུ་བཞུད་ན་ལང་ཚོའི་འཕྲུལ་བ་དེ།།

ཁུ་སིམ་གྱི་འཚོ་བར་བདེ་བའི་བསླུ་བྲིད་ཉུང་།།

ལྷ་སྒྲུང་གི་བག་ཡོད་འདི་རུ་ཚོར་གྱིན་པ།།

ཞེ་འདང་དུ་རྒྱ་ཡན་འཛིན་པའི་རླུང་བུ་ན།།

སྟོང་བསམ་གྱི་མཚན་མོ་ང་ཡི་ད་ལྟ་བ།།

ཚེས་གསུམ་གྱི་ཟླ་བ་ང་ཡི་འཛུམ་ཞལ་ཡིན།།

༼ ཁམས་འོད་གསལ། ༽