国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀྱི་ལང་ཚོ།

སྨུག་ཡོ་ལང་རྒྱ་མཚོའི་འཇིངས་སུ་བབས།།

ཡུལ་འཛིན་མའི་ཁ་དོག་གཡུ་ཡིས་བརྒྱན།།

དཔྱིད་ནམ་ཟླ་བསིལ་རླུང་ལྡང་དང་བསྟུན།།

བྱ་ཁུ་བྱུག་ལྷོ་མོན་ཡུལ་ནས་ཐོན།།

སྤྲིན་དཀར་པོའི་འདབ་མ་རླུང་གིས་གཡོས།།

ཆུ་སྔོན་མོའི་རླབས་རིས་སེམས་སུ་ལྷུང་།།

ལྷོ་གཡུ་འབྲུག་འཁྱུག་པའི་ངར་སྐད་དེ།།

ཆར་ཟིལ་མ་འབབ་པའི་སྔ་ལྟས་རེད།།

ས་རི་ལུང་སྟེགས་བུ་སྔོ་ལྗང་ལྡེམ།།

དཔྱིད་ལྗང་བུ་འབུས་པའི་རྩེ་མོར་ཅེར།།

དེ་འདབ་མ་རྒྱས་པའི་རེ་སྙེག་ཆེ།།

ཆར་ཟམ་ཟིམ་འབབ་པའི་སྨོན་འདུན་ཟབ།།

དཔྱིད་དྲི་གཞོན་བུ་མོའི་འཆོར་སྒེག་ལ།།

ཆུ་གཙང་པོའི་དར་ཁ་ལྷོད་དུས་ན།།

ཉ་གཤོག་དྲུག་དལ་གྱིས་འཁྱུག་པ་དང་།།

ཡུལ་ངོ་མཚར་འཇའ་ཚོན་རི་མོ་བཀྲ།།

དཔྱིད་དཔལ་ཡོན་བཞད་པའི་ནེའུ་གསིང་ལས།།

སྤང་མེ་ཏོག་སྣ་ཚོགས་སྒོ་ཕྱེ་ཚེ།།

འབུ་སྦྲང་མའི་ཚོགས་རྣམས་གཉིད་ལས་སད།།

ནང་ཟེའུ་འབྲུའི་བཅུད་ལ་རོལ་བར་བྲེལ།།

གྲང་ལྷག་རླུང་བསེར་བུ་རྒྱང་དུ་བསྐྱལ།།

གངས་ཁ་བའི་འདབ་མ་ཆུ་ལ་འཐིམ།།

ཡུལ་ནོར་འཛིན་བུ་མོས་ལྭ་གསར་མནབས།།

མཛེས་ལང་ཚོའི་དཔལ་ཡོན་སྐྱེ་དགུར་ངོམ།།

ཤེས་འདབ་མ་རྒྱས་པའི་གླིང་ག་འདིར།།

དཔྱིད་དཔལ་མོའི་ལང་ཚོ་རབ་རྫོགས་པས།།

འདིར་འདུས་པའི་ཡིད་མཐུན་མཆེད་གྲོགས་ཚོགས།།

ལས་ཐོས་བསམ་གནས་ལ་སྤྲོ་བས་འཇུག།

ངག་སྙན་པའི་ཚིག་རྩལ་ངར་མེད་ཀྱང་།།

དུས་དཔྱིད་དཔལ་བསུ་བའི་བརྡ་གླུ་ལེན།།

དགུན་ཟླ་བའི་ཁྲོད་ནས་སྨྲེང་ན་ཡང་།།

དཔྱིད་དཔལ་མོ་བཞད་དུས་དགའ་བས་བཟི།།

དུས་ནམ་ཟླ་མི་སྡོད་རེས་སུ་འཁོར།།

ངའི་སེམས་འགྱུ་སྙི་མོ་ཡང་གཅིག་དཀྲུགས།།

ཡིད་བག་ཆགས་ཟབ་པའི་དུས་ཚིགས་འདི།།

ཚིག་སྙན་མོའི་དབྱངས་ལ་སྐྱོན་ཙམ་བྱས།།

༼ མེ་ཆར། ༽