国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལྔ་བཞི་གཞོན་ནུའི་དུས་ཆེན་ལ་ཕུལ་བའི་ཁ་གཡང་ མེ་ཏོག་ཕྲེང་བ།

སྐུ་ཡི་མཛེས་པ་ལང་ཚོའི་མེ་ཏོག་བཞད།།

གསུང་གི་སྙན་པ་ཁུ་བྱུག་དྲུག་འགྱུར་མཉམ།།

ཐུགས་ཀྱི་མཛེས་པ་ཤེས་རིག་བཅུད་ཀྱིས་བལྟམས།།

ན་ཆུང་གཞོན་པའི་མཛེས་སྡུག་འགྲན་དུ་ཅི།།

གཞོན་པའི་སྐུ་ལུས་པད་གསར་ལྗོན་པ་ལ།།

གཅེས་སྤྲད་ལེགས་པར་གནང་དང་ན་གཞོན་ཚོ།།

བདེ་ཐང་འཚར་ལོངས་ཁྱོད་ཀྱི་མཛེས་སྡུག་རེད།།

དེ་ཕྱིར་འཕྲོད་བསྟེན་གཙང་སྦྲ་བསྟེན་ཤེས་བྱོས།།

གཞོན་པའི་སྐུ་ལུས་རྩལ་ལྡན་ཁྱུང་ཆེན་ལ།།

འབད་བརྩོན་ལས་ལ་གནང་དང་ན་གཞོན་ཚོ།།

དཔལ་འབྱོར་རྩོལ་སྒྲུབ་ཁྱོད་ཀྱི་མཛེས་སྡུག་རེད།།

དེ་ཕྱིར་ལས་ལ་འབད་འབུངས་རྒྱུན་འཁྱོངས་བྱོས།།

གཞོན་པའི་སྐུ་ལུས་དཔག་བསམ་ལྗོན་པ་ལ།།

ཤེས་རིག་ཡོན་ཏན་སློབ་དང་ན་གཞོན་ཚོ།།

ཤེས་ཡོན་རིག་གནས་མི་ཡི་མཛེས་སྡུག་རེད།།

དེ་ཕྱིར་ཤེས་རིག་ཕྱོགས་ལ་འབད་བརྩོན་བྱོས།།

གཞོན་ནུའི་ལང་ཚོ་འདབ་ལྡན་པད་མ་མཛེས།།

ཤེས་བརྩོན་ཐོས་བསམ་འབད་པ་མི་ཡི་རྒྱན།།

གཞན་ཕན་ཡ་རབས་མངའ་བ་ཀུན་གྱི་མཆོག།

གཞོན་ནུ་ཕོ་མོ་ཅི་བསམ་དོན་འགྲུབ་ཤོག།

༼ རྡོ་རྗེ་ཐར་ལམ། ༽