国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་ཀའི་ཚིག་ཇ་ དང་སྙན་ངག།

ཉི་ཤར་དང་ས་སྲོད་ཀྱི་མཚམས་ནས།

ངས་སྙན་ངག་གི་བསྡུས་གཟུགས་ལ་བྱིལ་བྱིལ་བཏང་སྟེ།

གསར་དུ་ཤར་བའི་དཔྱིད་དཔལ་ལ་ནང་སེམས་ཡང་ཡང་་གླན།

དུས་ཚིགས་འདི་ནི།

ཨ་མའི་བྱམས་བརྩེ་དང་འདྲ་ལ་ཨ་ཕའི་སྟོབས་ཤུགས་དང་འདྲ་བས།

ཁོ་མོའི་འཇིག་རྟེན་ལ་མཛེས་སྡུག་གི་རྣམ་པ་མང་པོ་བསྐྲུན་ཡོང་།

སྐབས་འདིར་མི་རྣམས་ཀྱིས།

འདས་ཟིན་པའི་ཕམ་ཉེས་མཐའ་དག་སེམས་སུ་བསྐུངས་ནས།

སླར་ཡང་རྒྱལ་ཁ་དང་ལེགས་འགྲུབ་ལ་སྟ་གོན་བྱེད་ཀྱིན་འདུག།

དཔྱིད་ཀ་ནི།

སུ་ཞིག་གི་དགའ་སྐྱོའི་ཚོར་འདུ་ལྟར།

ཆར་པ་ཟིམ་ཟིམ་དང་། སྨུག་པ་ལང་ལོང་གི་ཁྲོད་ནས།

དུས་ཚོད་ཀྱི་བརྩེ་བས་བསྐྱངས་ཤིང་།

ལས་དབང་གིས་མགོན་སྐྱབས་གནང་བའི།

སྙིང་ཉེ་བའི་རྩྭ་ཕྲན་དག་གིས་ཀྱང་།

རང་རང་གི་འཚར་ལོངས་ལ་སེམས་ཁུར་གནང་སྟེ།

ཉི་འོད་ཀྱི་དྲོད་ལ་རེ་ཞིང་བསིལ་རླུང་གི་བཅུད་ལ་རོལ་གྱིན་འདུག

ངས་ཀྱང་ཕྱི་དྲོ་དེར།

ཚིག་ཇ་ཤེལ་ཕོར་གང་ལ།

སྙན་ངག་ཤོག་ལྷེ་གང་གི་འདུ་ཤེས་བཞག་སྟེ།

འཆར་ཡན་དང་སྒྱུ་འཕྲུལ་གྱི་ལྷ་ཚོགས་ལ།

སྙིང་གཏམ་གྱི་བསུ་མ་བྱས་ཏེ་དད་མོས་ཀྱི་མཆོད་པ་ཕུལ་ཡོད།

༼ འོད་འཛིན་མ། ༽