བཟོ་རྩལ་ཕུལ་བྱུང་ཡི་གེའི་རྒྱལ་ཁམས་ལ།། བརྗོད་དོན་གསལ་བའི་ཡི་གེའི་བྱེད་པོ་མཆོག། མི་བོ་ཆེ་དང་ཐོན་མིའི་ཕྱག་སོར་ལས།། གཟབ་གཤར་ཡིག་རིགས་བྱུང་བ་འདི་ལྷག་ཅི།།ཞེས་གསུངས་པ་བཞིན་ཁ་བ་རི་བའི་ལྗོངས་ཆེན་པོ་འདིར་ལོ་ངོ་བཞི་སྟོང་གོང་ནས་ཡི་གེ་འབྲི་བའི་སྲོལ་དར་ཡོད་ཅིང་། སྟོན་པ་གཤེན་རབ་མི་བོ་ཆེས་སྟག་གཟིག་སྤུངས་ཡིག་གི་རྨང་གཞིའི་ཐོག་ནས་སྨར་ཆེན་སྨར་ཆུང་སོགས་ཀྱི་ཡི་གེ་ཞང་ཞུང་ཡུལ་དུ་དར་རྒྱས་བཏང་བ་དང་། དེ་ནས་རིམ་བཞིན་གཟི་ཡིག་དང་ལྷ་བབ་ཡི་གེ་སོགས་དར་ཡོད་ཚུལ་ནི་ལོ་རྒྱུས་ཡིག་ཚགས་དང་གནའ་རྫས་སོགས་ལས་བདེན་པ་ར་འཕྲོད་ཅེས་གྲགས་ཤིང་། དེ་ལྟར་ན་རིག་གནས་གཏེར་གྱི་མཛོད་ཆེན་སྒོ་འབྱེད་ལྡེ་མིག་ལྟ་བུ་ནི་ཡིག་གཟུགས་ཀྱི་ལག་རྩལ་འདི་ཉིད་ཡིན་ལ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ལོ་རྒྱུས་རྒྱུན་རིང་ལ་མཛེས་རྩལ་གྱི་ཁྱད་ཆོས་ཆེ་བ་སོགས་འཛམ་གླིང་ཡིག་རིགས་སྣ་ཚོགས་ཀྱི་དབྱིངས་རིམ་ན་དུང་གི་ཟླ་གཞོན་བཞིན་འོད་དུ་འཚེར་ཞིང་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་ཞིག་ལགས་ལ་གངས་ལྗོངས་ས་མཐོའི་ཐུན་མིན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར། དེ་ནས་རིམ་པ་བཞིན་དུ་དུས་རབས་སོ་སོར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ཁྲི་འཕང་མཐོན་པོར་འཛེགས་པའི་ཡིག་མཁན་རྒྱུ་སྐར་ལྟ་བུ་གྲངས་མང་བྱུང་བ་དང་། ཡིག་མཁན་རིམ་བྱུང་དེ་དག་གིས་སྔར་ཡོད་ཡིག་གཟུགས་སྒྱུ་རྩལ་མ་ཉམས་པར་དར་སྤེལ་དང་ཡིག་གཟུགས་གསར་གཏོད་སོགས་ཀྱི་ལས་ལ་རྩེ་གཅིག་ཏུ་གཞོལ་བའི་དུས་རབས་འདི་ལ་ཐུག་པའི་བར་དུ་བརྒྱུད་འཛིན་བྱས་ནས་ཕྱི་རབས་པའི་བགོ་སྐལ་དུ་བཞག་པའི་རིན་བྲལ་གྱི་ཡིག་གཟུགས་པོ་ཏི་མང་པོ་དང་བྲིས་དཔེ་སྣ་ཚོགས་དངོས་སུ་བཞུགས་པ་ལགས་ཤིང་། དུས་རབས་གསར་རྙིང་གཉིས་ཀྱི་བསྣོལ་མཚམས་འདིར་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདིའང་ཆ་འཕྲིན་ལག་རྩལ་གྱི་གོམས་སྟབས་དང་སྒོ་ཀུན་ནས་འགྲོག་ཐུབ་པར་གྱུར་ཅིང་། རྩིས་འཕྲུལ་དང་དྲ་བ་སོགས་དེང་རབས་རང་བཞིན་གྱི་ཚན་རྩལ་དང་མཉམ་གཤིབས་ཀྱི་འཕེལ་རྒྱས་སུ་བཏང་དང་གཏོང་བཞིན་པ་ལགས་པས། འདིས་བོད་ཀྱི་རིག་གནས་བརྒྱུད་འཛིན་དང་དར་སྤེལ་ལ་འོད་སྟོང་གི་ལམ་ཆེན་བསྩལ་ཡོད་པའོ།།
དཀར་མཛེས་ཁུལ་རིག་གནས་ཁང་གིས་གཙོ་སྒྲུབ་བྱས་པའི་སྣག་ཚའི་དྲི་ཞིམ་འཐུལ། སྨྱུ་གུས་གར་སྟབས་རྩེན་ཞེས་པའི2026ལོའི་བོད་ཡིག་ཡིག་གཟུགས་སྤྱི་ཕན་གསོ་སྦྱོང་འཛིན་གྲྭའི་དུས་ཐེངས་དང་པོ་སྤྱི་ཟླ3པའི་ཚེས30ཉིན་གྱི་དགོང་མོར་ཁུལ་རིག་གནས་ཁང་དུ་འཚོགས་ནས་དབུ་ཅན་བྲིས་གཟུགས་དངོས་སུ་སློབ་འགོ་བཙུགས་པ་རེད། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་ནི་སྤྱི་ཟླ5པའི་ཟླ་མཇུག་བར་དུ་རྒྱུན་མཐུད་ངང་འཚོག་རྒྱུ་ཡིན་ལ། ད་ཐེངས་ཀྱི་གསོ་སྦྱོང་དུ་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་བ་དང་།མྱུར་སྒྲུབ་ལ་བརྩི་མཐོང་། དངོས་སྒྲུབ་ལ་ཧུར་བརྩོན། དཀའ་སྒྲུབ་ལ་མི་སྐྲག། ཐབས་སྒྲུབ་ལ་མཁས་པ་བཅས་ཀྱི་བླང་བྱར་དམ་པོར་དམིགས་ནས་བོད་ཡིག་ཡིག་གཟུགས་ཀྱི་ཁྲིད་རྒྱུན་སྐྱོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་བཏང་ནས་མང་ཚོགས་ཀྱི་བསམ་པའི་ལོངས་སྤྱོད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བཞིན་ཡོད་པ་རེད།
འཛིན་གྲྭའི་འགོ་འཛུགས་མཛད་སྒོ་དེ་དཀར་མཛེས་ཁུལ་རིག་གནས་ཁང་གི་ཐོག་བརྩེགས་གསུམ་པའི་ནུས་མང་སློབ་ཁང་དུ་སྤེལ་བ་དང་། ཡུལ་དངོས་སུ་སྣག་ཚའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བ་དང་མི་མང་འདུ་འཛོམས་ཀྱི་འཁྲུག་ཆ་དོད་པོ་བྱུང་། བོད་ཡིག་ཡིག་གཟུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་སྒྱུ་རྩལ་བང་མཛོད་ཁྲོད་ཀྱི་འོད་དུ་འཚེར་བའི་མུ་ཏིག་ཅིག་ཡིན་ལ། དབུ་ཅན་ཡིག་གཟུགས་ནི་བོད་ཡིག་གི་བྲིས་གཟུགས་སྣ་མང་ཁྲོད་ཀྱི་དཔེ་མཚོན་རང་བཞིན་གྱི་བྲིས་གཟུགས་ཤིག་ཡིན། ད་ཐེངས་གསོ་སྦྱོང་ནི་ལག་རྩལ་བརྒྱུད་ཁྲིད་བྱས་པ་ཞིག་ཡིན་པར་མ་ཟད་རིག་གནས་ཁང་གིས“རིག་གནས་དམངས་ཕན”གྱི་ཐོག་མའི་བསམ་འདུན་དོན་འཁྱོལ་དང“སྒྲུབ་པ་བཞིའི”བླང་བྱ་ལག་ལེན་བསྟར་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དེ་བས་ཀྱང་ཡིན་པས་མང་ཚོགས་ལ་རིག་གནས་ཞབས་ཞུ་གནད་སྨིན་ཞུ་བ་དང་། རིག་གནས་ཕན་འབྲས་དངོས་སུ་ཐོན་པ་དང་སྲིད་འགན་ལག་རྗེས་འདུ་ཤེས་ཡང་དག་པ་འཆང་བ་དང་ལག་ལེན་བསྟར་ཏེ། རིག་གནས་ཁང་གི་ལས་ཀའི་གྲུབ་འབྲས་ཀྱིས་དམངས་ལ་དངོས་ཕན་པ་ཐོབ་པ་དང་དམངས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་མཚོན་ཡོད་པ་རེད།
ད་ཐེངས་གསོ་སྦྱོང་འཛིན་གྲྭར་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་པའི་བོད་ཡིག་ཡིག་གཟུགས་དགེ་རྒན། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་མཁས་གྲུབ་ནོར་བུས་སློབ་ཁྲིད་གཙོ་བོ་གནང་རྒྱུའི་འགན་ཁུར་ཡོད། སློབ་ཁྲིད་ཀྱི་ནང་དོན་ལ་དབྱངས་བཞི་གསལ་བྱེད་སུམ་ཅུ་དང་། མགོ་འདོགས་བརྩེགས་གསུམ་བཅས་མ་ལུས་པ་དབུ་ཅན་བྲིས་གཟུགས་ཆ་ཚང་བ་ཞིག་སློབ་ཁྲིད་བྱེད་བཞིན་ཡོད་པར་མ་ཟད། བོད་ཡིག་ཡིག་གཟུགས་དར་ཚུལ་གྱི་ལོ་རྒྱུས་དང་འབྱུང་ཁུངས། སྣག་ཚ་དང་སྣག་བུམ་བེད་སྤྱོད་ལུགས། སྨྱུ་གུ་བཞོག་སྟངས། སྨྱུ་གུ་བཟུང་ལུགས། ཤོག་ངོས་སུ་སྨྱུ་གུའི་ཡང་ལྗིད་ཚོད་འཛིན་བྱེད་ཐབས་དང་འབྲི་སྟངས་བཅས་བྲིས་ཀྱི་ཤེས་བྱ་མ་ལུས་པ་སློབ་ཁྲིད་བྱེད་བཞིན་ཡོད་པ་རེད།
སློབ་ཁྲིད་ཁྲོད་ཡུལ་དངོས་ནས་དཔེ་སྟོན་ཟུང་འབྲེལ་བྱེད་པའི་བྱ་ཐབས་སྤྱད་དེ་སློབ་མར་ཡིག་གཟུགས་འབྲི་སྐབས་སྨྱུག་ཁ་རེ་རེ་བཞིན་གོ་རིམ་ལྡན་པའི་ངང་མཛུབ་སྟོན་སློབ་ཁྲིད་བྱས་པས་ཚད་ལྡན་གྱི་འབྲི་རྩལ་ཁོང་དུ་ཆུད་པར་བྱས་ཤིང་། དེ་དང་ཆབས་ཅིག་ད་ཐེངས་གསོ་སྦྱོང་འཛིན་གྲྭས་གྲུབ་འབྲས་ཕུལ་དུ་བྱུང་བའི་སློབ་མ་སྐྱེད་སྲིང་བྱས་ནས་དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་བོད་ཡིག་ཡིག་གཟུགས་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པ་གསོ་སྐྱོང་བྱ་རྒྱུ་ཡིན་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི་བོད་ཡིག་ཡིག་གཟུགས་ལ་དགའ་མོས་ཅན་ལ་དམིགས་ནས་བཏོན་པའི་ཆེད་དོན་སྤྱི་ཕན་གྱི་བྱེད་སྒོ་ཞིག་ཡིན་ཞིང་།ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་འཚོག་རྒྱུའི་བརྡ་ཐོ་ཁྱབ་བསྒྲགས་བྱས་རྗེས་མི་མང་པོས་སྤྲོ་སེམས་རབ་ཏུ་འཕེལ་བའི་ངང་ནས་མིང་ཐོ་བཀོད་དེ་སློབ་ཁྲིད་དུ་ཞུགས།གསོ་སྦྱོང་འཛིན་གྲྭར་ཞུགས་མཁན་སློབ་མའི་ཁྲོད་ལོ་ན་མཐོ་ཤོས་ལོ་ན་ལྔ་བཅུ་ལས་བརྒལ་བ་ཡོད།འདིས་མང་ཚོགས་རྒྱ་ཆེན་གྱིས་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་བྱེད་པ་དང་སྤུས་ཚད་མཐོ་བའི་སྤྱི་པའི་རིག་གནས་ཞབས་ཞུའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་གང་ལེགས་བསྐངས་ཐུབ་པ་མཚོན་ཡོད།
སློབ་ཐུན་དང་པོ་འཚོག་སྐབས། སློབ་མ་རྣམས་ཀྱིས་བློ་རྩེ་གཅིག་སྒྲིམ་ངང་དགེ་རྒན་གྱི་མཛུབ་སྟོན་ལྟར་ནན་ཏན་གྱིས་ལད་འབྲི་བྱེད་བཞིན་ཡོད་ལ། དར་མདོ་གྲོང་ཁྱེར་ནས་ཡོང་བའི་གསོ་སྦྱོང་སློབ་མ་ཞིག་གིས་ང་ཐོག་མཐའ་བར་གསུམ་དུ་བོད་ཡིག་ཡིག་གཟུགས་ལ་མོས་པ་དང་སྤྲོ་བ་ཆེན་པོ་ཡོད་ཀྱང་ཆེད་ལས་དགེ་རྒན་གྱི་ཁྲིད་སྟོན་ཐོབ་མྱོང་མེད་པས་ཡིད་སྐྱོ་པོ་རེད། ད་ཐེངས་རིག་གནས་ཁང་གིས་སྤྱི་ཕན་འཛིན་གྲྭ་གཉེར་ནས་ཆེད་མཁས་པ་དགེ་རྒན་གདན་དྲངས་པ་རེད། ངེད་ཅག་རིན་མེད་ངང་སློབ་ཁྲིད་དུ་ཞུགས་ཆོག་པས་ངས་ད་ཐེངས་ཀྱི་གོ་སྐབས་འདི་དམ་འཛིན་བྱས་ནས་བྲིས་གཟུགས་ཡག་པོ་སྦྱང་ངེས་ཡིན་ཞེས་བཤད་པ་རེད།
དཀར་མཛེས་ཁུལ་རིག་གནས་ཁང་གིས་ཉེ་བའི་ལོ་ཤས་རིང་ཐོག་མཐའ་བར་གསུམ་དུ“རིག་གནས་མཉམ་སྤྱོད”དང“སྒྱུ་རྩལ་དམངས་ཀྱི་ཆེད”ཀྱི་ཞབས་ཞུའི་དམིགས་ཡུལ་རྒྱུན་འཁྱོངས་ནས“གྲོང་ཁྱེར་མཚན་མོ་སློབ་གྲྭ”དང“སྒྱུ་རྩལ་དང་མཉམ་དུ་བསྐྱོད་པ”སོགས་ཁྱད་ཆོས་གྲགས་རྟགས་བཏོད་པ་བརྒྱུད་དེ་རྒྱུན་རྣམ་ཅན་གྱི་སྒོ་ནས་རིག་གནས་དམངས་ཕན་བྱེད་སྒོ་རིགས་མང་པོ་སྤེལ་བ་རེད། ཐེངས་འདིའི་སྣག་ཚའི་དྲི་ཞིམ་འཐུལ། སྨྱུ་གུས་གར་སྟབས་རྩེན་པའི་བོད་ཡིག་ཡིག་གཟུགས་སྤྱི་ཕན་འཛིན་གྲྭ་གཉེར་བ་དེས་བོད་ཡིག་ཡིག་གཟུགས་ལ་དགའ་པོ་བྱེད་མཁན་ཚོར་སློབ་སྦྱོང་དང་སྤེལ་རེས་ཀྱི་སྟེགས་བུ་ཞིག་བསྐྲུན་ཡོད།
ཐེངས་འདིའི་དབུ་ཅན་བྲིས་གཟུགས་གསོ་སྦྱོང་འཛིན་གྲྭ་དེ་སྤྱི་ཟླ5པའི་ཟླ་མཇུག་བར་རྒྱུན་མཐུད་ངང་འཚོག་རྒྱུ་རེད། གཟའ་འཁོར་རེའི་གཟའ་ཟླ་བ་དང་མིག་དམར། ལྷག་པ་བཅས་ཀྱི་དགོང་མོར་དུས་ལྟར་སློབ་ཁྲིད་བྱེད་བཞིན་ཡོད། དཀར་མཛེས་ཁུལ་རིག་གནས་ཁང་གིས་ཀྱང་མུ་མཐུད་དེ་མང་ཚོགས་ཀྱི་དགོས་མཁོར་གཞི་ཚུགས་ནས་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དམངས་ཕན་བྱེད་སྒོ་དེ་བས་མང་བ་སྤེལ་ནས་དུས་རབས་གསར་པར་སྲོལ་རྒྱུན་རིག་གནས་ལ་བཀྲག་མདངས་གསར་པ་འཕྲོ་བར་བྱས་ཏེ་རིག་གནས་སྟོབས་ཆེན་གྱི་དཀར་མཛེས་ཁུལ་འཛུགས་པར་སྟོབས་ཤུགས་བྱས་རྗེས་སུ་འབུལ་རྒྱུ་ཡིན་པ་རེད།།
( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས་ཤིང་པར་བླངས།)
