མིག་གིས་མཐོང་ཙམ་ཡིད་ཀྱི་འཐིལ་དུ་ཕེབས།།
སྐད་བརྡ་ཐེངས་ཤིག་རྣ་བའི་འདབ་མ་བསྒུལ།།
ལས་དབང་མེ་ཏོག་ཚོམས་ཀྱི་གཡོ་འགུལ་ལས།།
ཁྱོད་རང་འདི་ལྟར་བདག་གི་སེམས་སུ་འཛུམ།།
ཆ་མེད་བསིལ་རླུང་ཞིག་གིས་གཡོ་འགུལ་ལས།།
ལས་ཀྱི་བསུང་ངད་འཐེན་པའི་སྤྲིན་ཚོགས་ཀྱིས།།
བདག་གི་འཁྲེང་ཞེན་ཡངས་པའི་ནམ་མཁའ་ལ།།
ཚོར་བའི་ཟིལ་བ་ཐར་ཐོར་ཕྱོགས་ཀུན་བབས།།
བརྩེ་དུང་འཇའ་རིས་བྲིས་པའི་ཡིད་དབང་དུ།།
སེམས་བྱུང་མེ་ལོང་ངོགས་ནས་ཁྱོད་རང་འཛུམ།།
ཁྱོད་རང་ཡུན་ཙམ་དྲན་པའི་སྣང་བརྙན་ལས།།
འཁྲུལ་སྣང་རྒྱ་མཚོ་བསྐྱོད་པའི་ཨ་སྔོན་ཡངས།།
བརྩེ་བའི་སྒྱུ་འཕྲུལ་བསིལ་རླུང་གར་ལ་འཁྲེང་།།
བདག་གི་སེམས་ཀྱང་ཡར་མར་དལ་གྱིས་བསྒུལ།།
ཚིག་གིས་དཔུང་བའི་གནམ་གྱི་མུ་ཏིག་ཚོམས།།
ཟླ་བས་བྲིད་པའི་ཚངས་མགུར་དབྱངས་ལ་འདུས།།
འཁོར་བའི་ངོ་གདོང་མཛེས་པོ་སྤྱན་ལ་འཁོར།།
དེ་ནང་ཁྱོད་ཀྱི་གཟུགས་བརྙན་འཇའ་ལྟར་ཚེར།།
ཕལ་བའི་ཡིད་ལ་བརྩེ་བའི་འོད་ཀྱིས་བསྒྲིབས།།
དབྱངས་ལྷ་བཀུག་པའི་ལས་ལ་སྦྲང་ཆར་ལྷུང་།།
ཞེན་ཁའི་སྨུག་ཀླུང་ཁྱོད་སར་ཇེ་འཁྲིགས་རེད།།
ཚོར་བའི་རླབས་རིས་ངོས་ནས་ཁྱོད་ཀྱང་མཆིས།།
བརྩེ་བའི་གཞས་ཆུང་སྙན་མོ་སེམས་ལ་བབས།།
སེམས་ཀྱི་འཐིལ་དུ་འཛུམ་པའི་ཁྱོད་ཞལ་གྱིས།།
དུས་ཀྱི་འཕྲུལ་པའི་ངོས་སུ་འཛུམ་གྱིས་བཞད།།
ཁྱོད་ཀྱིས་ས་སྲོད་གཡོལ་བའི་ཟླ་བར་ཞེན།།
བདག་གིས་གཟབ་ནན་མཚན་མོའི་ཟླ་བར་ཅེར།།
མཆི་མའི་མཚོ་ཆུང་གོར་གོར་རྟོག་འགྱུ་བཞུགས།།
༼ སྨྱུ་གུ་ཕྲ་མོ། ༽
