འུ་ལག་རི་བོ་ནི་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དང་གཡག་རྔ་གྲོང་ཁྱེར་འགག་སྨད་རྫོང་གི་འབྲེལ་མཚམས་སུ་གནས་པ་དང་མཚོ་འཕགས་སྨི3437ཡོད། འུ་ལག་རི་བོ་ནི་ཁྲེང་ཏུའུ་ཀླུང་ཐང་ནས་མདོ་དབུས་མཐོ་སྒང་དུ་སྐྱོད་པའི་སྲུང་ཡོལ་དང་པོ་དེ་རེད། ལེ་དབར་སྟོང་གི་ཁྲོན་བོད་གཞུང་ལམ་ཐོག་གི་འགག་སྒོ་གཙོ་བོ་ཡིན་ཞིང་། ལེ་དབར་སྟོང་གི་ཁྲོན་བོད་ལམ་ཐིག་དང་རང་བྱུང་འོབས་ཆེན་འུ་ལག་རི་བོ་ཞེས་པའི་མཚན་སྙན་ཐོབ་ཡོད།
1950ལོའི་ལོ་འགོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་འབུམ་ཤོག་བཅོ་བརྒྱད་པའི་དཔོན་དམག་ཚོ་བཀའ་ལྟར་བོད་ལྗོངས་སུ་བསྐྱོད་དེ། ལོ4ཙམ་གྱི་དུས་ཚོད་སྤྱད་དེ་རིང་ཚད་སྤྱི་ལེ2000ཡོད་པའི་ཁྲོན་བོད་གཞུང་ལམ་བསྐྲུན་པ་དང་། ལས་བྱེད་པ་དང་འཐབ་འཛིང་པ། བཟོ་པ4963ལྷག་གིས་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་ནས་མི་རབས་ཀྱི་བྱས་རྗེས་ལོ་རྒྱུས་དེབ་ཐེར་དུ་ནམ་ཡང་མི་ཉམས་པར་བཀོད། ལས་གྲྭ་ཧ་ཅང་དཀའ་ཚེགས་ཆེ་བ་དེ་འཛམ་གླིང་གཞུང་ལམ་བཟོ་སྐྲུན་གྱི་ལོ་རྒྱུས་སུ་སྔར་བྱུང་མྱོང་མེད་པ་ཞིག་རེད།
1951ལོར་ལུའོ་ཧྲུའེ་ཡིས་བོད་ཁུལ་དུ་བསྐྱོད་པའི་བཅིངས་འགྲོལ་དམག་གིས་གཞུང་ལམ་བསྐྲུན་པའི་འཐབ་གླུ《འུ་ལག་རི་བོ་གླུ་དབྱངས་བསྟོད》ཅེས་པའི་གླུ་དབྱངས་དེ་རྒྱལ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་པ་རེད།
འུ་ལག་རི་བོ་གཞུང་ལམ་གྱི་ཕུག་ལམ་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར4.7བཏང་བ་དང་། 1996ལོའི་ཟླ་བ10པའི་ཚེས1ཉིན་ནས་ལས་འགོ་བཙུགས་པ་དང་། 1999ལོའི་ཟླ་བ12པའི་ཚེས7ཉིན་ལ་རླངས་འཁོར་ཤར་གཏོང་ཐུབ་ཡོད། 2001ལོའི་ཟླ་བ་དང་པོའི་ཚེས1ཉིན་སྤྱོད་འགོ་བཙུགས། ཕུག་ལམ་ཧྲིལ་པོ་འགག་སྨད་རྫོང་ལུང་བསྟན་གཤིས་ནས་འགོ་བཙུགས་ཏེ་ལྕགས་ཟམ་རྫོང་བུམ་ཐོག་གྲོང་སྡེ་ནས་མཇུག་རྫོགས་པ་དང། ཕུག་ལམ་དེ་འུ་ལག་རི་བོའི་རི་སྐེད་དུ་གནས་ཤིང་རིང་ཚད་སྨི8660ཡོད། དེའི་ནང་ཕུག་ལམ་གཙོ་བོའི་རིང་ཚད་སྨི4176ཡོད། ཕུག་ལམ་གྱི་ཞེང་ཚད་སྨི9དང་མཐོ་ཚད་སྨི5ཡོད་ལ་མཚོ་འཕགས་མཐོ་ཚད་སྨི2180ཡོད་ཅིང་། དེ་ནི་སྐབས་དེར་རྒྱལ་ནང་དུ་རླངས་འཁོར་ཤར་གཏོང་ཐུབ་པའི་གཞུང་ལམ་ནང་གི་ཆེས་རིང་བ་དང་མཚོ་འཕགས་ཆེས་མཐོ་བའི་ཕུག་ལམ་ཡིན་པ་རེད།
དུས་རབས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ད་ཆ་འུ་ལག་རི་བོ་དེ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དུ་གྱུར་པ་དང་། འུ་ལག་རི་བོའི་རང་བྱུང་མཛེས་ལྗོངས་དང་རི་སྐྱེས་སྲོག་ཆགས། རྩི་ཤིང་སོགས་ནི་སྐྱེ་ཁམས་སྲུང་སྐྱོང་གི་གཙོ་གནད་དུ་གྱུར་པ་རེད།།
( བདེ་ཆེན་གྱིས་བྲིས།)
