国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱི་དུས་ཚིགས་དང་པོའི་དམངས་འཚོ་ དཔལ་འབྱོར་གནས་ཚུལ་བསྒྲགས།

སྤྱི་ཟླ5པའི་ཚེས11ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་ཁུལ་བརྟག་དཔྱད་རུ་ཁག་གིས་དུས་ཚིགས་དང་པོའི་དཀར་མཛེས་ཁུལ་དམངས་འཚོའི་དཔལ་འབྱོར་གྱི་གྲངས་གཞི་བསྒྲགས་པ་སྟེ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.2འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། ཁུལ་ཡོངས་ཀྱི་སྒོ་ཕྱུགས་ཁྲི13.41ལྷས་ཕུད་བཏང་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། འཛད་སྤྱོད་ཁྲོམ་ར་བརྟན་བརླིང་ངང་སླར་གསོ་དང་འབྲོག་ལས་ཀྱི་བརྟན་ཐོན་མཁོ་སྤྲོད་འགན་ལེན་ལ་ཤུགས་བརྒྱབ་སྟེ་དཀར་མཛེས་ཁུལ་གྱི་དུས་ཚིགས་དང་པོའི་དམངས་འཚོའི་དཔལ་འབྱོར་བརྟན་ཁྲོད་ཡར་རྒྱས་དང་འགོ་ལེགས་པོ་ཚུགས།

སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་བརྟན་ཁྲོད་ལེགས་སུ་ཕྱིན།

དུས་ཚིགས་དང་པོར། ཁུལ་ཡོངས་ཀྱི་ཕྱུགས་ལས་བརྟན་ཐོན་མཁོ་སྤྲོད་འགན་ལེན་དང་། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་དམིགས་ཚད་ལ་གཞིགས་ཏེ་སྲིད་ཇུས་ཀྱི་སྐུལ་ལྕག་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་བསྣན་ནས་སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་སྐྱེད་གཙོ་བོ་བརྟན་ཁྲོད་ཡར་རྒྱས་དང་། གསོ་ཕག་ཇེ་ལེགས། ལུག་དང་ཁྱིམ་བྱའི་ཆགས་སྟངས་སྙོམས་སྒྲིག་སོགས་ཀྱི་རྣམ་པ་མངོན། དེའི་ནང་སྒོ་ཕྱུགས་ཁྲི13.41ལྷས་ཕུད་བཏང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ0.57འཕར་ནས་གྲངས་འབོར་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། སྒོ་ཕྱུགས་ཁྲི200.63ལྷས་གསོག་བྱས་ཡོད་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ0.70འཕར་ནས་ཕྱུགས་གསོག་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་སྒོ་ཕྱུགས་ལྷས་གསོག་དང་ལྷས་ཕུད་བྱས་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་རེད། གསོ་ཕག་ཁྲི5.98ལྷས་ཕུད་བཏང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.34འཕར། ཕག་ཁྲི18.47ལྷས་གསོག་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.51འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གཉིས་པར་སླེབས། ལུག་ཁྲི2.16ལྷས་ཕུད་བཏང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.18མར་ཆག། ལུག་ཁྲི16.56ལྷས་གསོག་བྱས་ཡོད་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ17.54མར་ཆག། ཁྱིམ་བྱ་ཁྲི21.79ལྷས་གསོག་བྱས་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.03མར་ཆག་པ་དང་། ཁྱིམ་བྱ་ཁྲི2.94ལྷས་ཕུད་བཏང་བ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ2.25མར་ཆག། འོ་མའི་ཐོན་ཚད་ཏུན3211ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ1.65འཕར་བ་དང་། སྒོ་ཕྱུགས་དང་ཁྱིམ་བྱའི་ཤའི་ཐོན་ཚད་ཏུན་ཁྲི2.38ཟིན་ནས་བརྒྱ་ཆ5.18འཕར་ནས་ཞིང་ལས་ཐོན་རྫས་གལ་ཆེན་མཁོ་སྤྲོད་ཉེན་མེད་དང་བརྟན་བརླིང་བྱུང་ཡོད།

གྲོང་ཡུལ་གཞིས་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར།

དུས་ཚིགས་དང་པོར། གྲོང་ཡུལ་གཞིས་མིའི་ཡོང་འབབ་ན་ལོའི་དུས་མཉམ་ལས་འཕར་བ་དང་ཆགས་སྟངས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་ཡོད། གྲོང་ཡུལ་གཞིས་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར11962ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ4.4འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང7པར་སླེབས། དེའི་ནང་མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར8855ཟིན་ནས་བརྒྱ་ཆ4.4འཕར་བ་དང་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ74ཟིན་ནས་ཡོང་འབབ་ཀྱི་སྒུལ་ཤུགས་གཙོ་བོར་གྱུར། ཞིང་སྡེའི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར4579ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ6.4འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་ལྔ་པར་སླེབས། ཞིང་སྡེའི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གྲངས་2.0མཐོ་བ་ཡོད་པ་དང་། གྲོང་ཡུལ་གྱི་ཡོང་འབབ་བསྡུར་ཚད་ན་ལོའི་དུས་མཚུངས་ཀྱི2.66ནས2.61བར་ཧེ་བག་ཇེ་ཆུང་དུ་ཕྱིན།

འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་།

འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་དཔྱིད་གསར་དུས་ཆེན་གྱི་ཕན་འབྲས། རིག་གནས་ཡུལ་སྐོར་འཕེལ་རྒྱས་བཅས་ཀྱི་ཐུན་མོང་སྐུལ་ཁྲིད་འོག་ཁུལ་ཡོངས་ཀྱི་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་། གྲོང་ཡུལ་གཞིས་མིའི་འཛད་སྤྱོད་གཏོང་སྒོ་འཕར་སྣོན་མགྱོགས་ཙམ་བྱུང་བ་དང་། འཛད་སྤྱོད་གྲུབ་ཚུལ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར7878ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.2འཕར་ནས་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས། ཞིང་སྡེའི་གྲོང་མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་སྒོར3518ཟིན་པ་དེ་ན་ལོའི་དུས་མཉམ་ལས་བརྒྱ་ཆ6.5འཕར་བ་དང་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཨང་གསུམ་པར་སླེབས་ནས་འཛད་སྤྱོད་ཁྲོམ་ར་རྒྱུན་མཐུད་ངང་སླར་གསོ་བྱུང་། གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)ན་ལོའི་དུས་མཉམ་ལས་བརྒྱ་ཆ0.1འཕར་བ་དང་འཕར་ཚད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལས་དམའ་བ་ཡོད་པ་དང་འཕེལ་ཕྱོགས་གཅིག་མཚུངས་ཡིན་པས་སྤྱིའི་ཆ་ནས་བརྟན་བརླིང་ངང་འཕར་བའི་རྣམ་པ་མངོན།

དུས་ཚིགས་དང་པོར། དཀར་མཛེས་ཁུལ་གྱི་དམངས་འཚོའི་དཔལ་འབྱོར་བརྟན་ཁྲོད་འཕེལ་རྒྱས་དང་འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་སླར་གསོ་བྱུང་། གྲོང་ཡུལ་གཞིས་མིའི་ཡོང་འབབ་ཧེ་བག་རྒྱུན་མཐུད་ངང་ཆུང་དུ་ཕྱིན་ནས་འགོ་ཡག་པོ་ཚུགས། རྗེས་མར་དཀར་མཛེས་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། བརྟན་ཁྲོད་ཡར་རྒྱས་ཡོང་བའི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་ཏེ་དམངས་འཚོའི་དཔལ་འབྱོར་བརྟན་ཁྲོད་ལེགས་སུ་འགྲོ་བའི་རྣམ་པ་སྲ་བརྟན་དང་རྒྱ་ཆེར་གཏང་བ། དམངས་འཚོའི་ཞན་ཆ་ཁ་གསབ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བད་སྣང་བཅས་ཟམ་མི་ཆད་པར་ཇེ་མཐོར་གཏང་རྒྱུ་རེད།། ( གསར་འགོད་པ། རྟ་མགྲིན་རྡོ་རྗེ།)