国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བཅོ་ལྔའི་ཟླ་བར་བལྟས་ཏེ་སྨྲེང་བ།

སྤྲིན་དཀར་ལང་ལོང་གཡོ་བའི་ཐུ་འོག་ནས།།

བྱ་ཁྱུ་བསྟར་ལ་རྒྱུས་ཏེ་གཤོག་འགྱུར་ངོམས།།

སྨྲེང་གཞས་མཉམ་དུ་བསྡོངས་ནས་རྒྱང་ལ་ཆས།།

རང་སེམས་སྐྱོ་བའི་མལ་ན་འགྲེ་ལོག་བརྒྱབ།།

རི་བོ་གངས་དཀར་རྩེ་ནས་འཛུམ་པའི་འོད།།

མཚན་གུང་བདག་གི་ངོས་སུ་འཕྲོས་པ་ཡིས།།

གཉོམ་གཤིས་ཅི་ཡང་དུབ་པའི་ནང་ཤེད་ནས།།

སེམས་པའི་ཚོར་འདུའི་སྨུག་ཞག་རབ་ཏུ་སྟུག།

བཅོ་ལྔའི་ཟླ་གཟུགས་གྲོང་སྡེ་ཁྱོན་ན་གསལ།།

ཤིག་ཤིག་མི་ཚོགས་འདུས་པའི་གསང་མདོ་ནས།།

སྨྲེང་བའི་ངལ་བ་འཁུར་བའི་འཁྱམ་པོ་ངའི།།

སྐྱོ་བའི་སེམས་པར་སྡུག་གི་མཚོ་ཆེན་བསྐྱོམ།།

ཟླ་འོད་གུར་ཁྱིམ་གཙང་འགྲམ་མཁའ་རུ་ཕུབ།།

དལ་བབས་ལྷུང་ལྷུང་ཐོས་འཛིན་གྲོགས་སུ་འཇོ།།

མུ་མེད་རྩྭ་ཐངམཛེས་པ་མཐོང་ན་ཡང་།།

ངའི་སེམས་སྐྱོ་བའི་རྨི་ལམ་ལན་གཅིག་འགྲིམ།།

ཁེར་རྐྱང་གདུང་བའི་གླིང་བུ་སྙན་པ་འབུད།།

ཟླ་གཟུགས་སྒེའུ་ཁུང་འགྲམ་དུ་རབ་འཚེར་ཏེ།།

བསམ་གཞིག་དྲན་པ་གཡོ་བའི་མཚན་གུང་དུ།།

སྣང་བས་རི་ཁྲོད་བསྔོགས་པར་བློ་མ་བདེ།།

མུ་མེད་ལྷིང་འཇགས་གྲོང་གི་མཚན་གཞུང་དུ།།

རྒྱུ་སྐར་མཛེས་པ་ངའི་འགྲམ་འཕོག་དང་ལྷན།།

སྨྲེང་བ་ནང་ཁོག་བཅིངས་པའི་སྒྲོམ་ཐག་དམ།།

འཁུན་སྒྲས་གྲོང་སྡེ་དཀྲོགས་ལ་རང་སེམས་དོགས།།

དཔྱིད་ཀའི་གནམ་ངོ་འགྱུར་བའི་སྐད་ཅིག་གློག།

ནམ་མཁའི་སྤྲིན་ནག་ཁྱུ་ཡིས་ཟླ་བ་བསྒྲིབས།།

རང་སེམས་སྣང་བ་མུག་པའི་བཅོ་ལྔའི་དགོང་།།

བདག་གི་སྐྱོ་བས་རི་ཚོགས་གཡོ་པར་སོམས།།

ལྷོ་མཐའི་སྤྲིན་པའི་ཟུར་ནས་ཟླ་བ་འཛུམ།།

ལས་ཀའི་དོན་གྱིས་ངའི་སེམས་སྨྲེང་བས་གཟེར།།

གདུང་བའི་ཆུ་མིག་འཛད་མེད་སེམས་སུ་བརྡོལ།།

སྙན་ངག་བྲིས་ནས་སེལ་བའི་ལམ་ཞིག་བཙལ།།

བཅོ་ལྔའི་ཟླ་བར་བལྟས་ནས་ཡུན་གྱིས་འགོར།།

བྲང་ཁོག་གཟེར་བས་མནར་ནས་སྨྲེང་ངག་ཤོར།།

ཆང་དམ་ཞིམ་ཞིག་སྙིམ་པས་ཡར་བཏེགས་ནས།།

གདུང་བ་སངས་པའི་ཆང་ཞིག་རྔུབ་ན་འདོད།།

བཅོ་ལྔའི་ཟླ་བ་རང་གཟུགས་གསལ་ན་ཡང་།།

དཀྱིལ་གྱི་ཟླ་བ་ལྷ་མོའི་བཞིན་རས་ལས།།

ཟླ་བ་སྐྱོ་བའི་སེམས་ཚོར་མཐོང་བ་ཡིས།།

ང་ཡང་ལྷག་པར་སྐྱོ་བའི་ངལ་ཞིག་བྱུང་།།

༼ སྙན་རྐང་གླིང་། ༽