རླུང་བུ་ལྡང་བས་མ་ཚད།།
ཆར་པ་ཟམ་ཟིམ་བབས་སོང་།།
ལམ་འགྲམ་ཞིག་ནས་ཐུག་པའི།།
སྨན་ཆུང་སྨིན་མ་ཡག་སོང་།།
ཞལ་ལ་འཛུམ་ཆུང་མཛའ་མོ།།
ལང་ཚོའི་མེ་ཏོག་མཛེས་མོ།།
མིག་གིས་མཐོང་ཙམ་བྱུང་བས།།
སེམས་པ་ཁྱེར་ནས་བྲོས་སོང་།།
ལུས་དྲི་ཞིམ་པའི་བུ་མོ།།
ལུས་ཕྲའི་ཉམས་འགྱུར་རིག་ན།།
ཨ་མཚར་རྩེ་འདོད་ཡོད་ཀྱང་།།
སྐད་ཆ་ངག་ནས་མ་འཁྲོལ།།
ཟུར་མིག་སྙིང་ལ་བབས་སོང་།།
སྙིང་ཆུང་མེ་ཏོག་དམར་པོ།།
འཛུམ་ཆུང་ཡིད་ལ་དྲན་ན།།
དྲན་གདུང་ཞིག་གིས་བཟི་འགྲོ།།
རི་ཁའི་སྨུག་པ་ལང་ལོང་།།
སྦྲང་ཆར་ཟིལ་མ་ཟམ་ཟིམ།།
སྐྲ་ལོ་ནག་པོ་ཤིག་ཤིག །
སེམས་ལ་སོང་བའི་བུ་མོ།།
ཉམ་ཆུང་གོམ་འགྲོས་ཞིབ་ཞིབ།།
ལང་ཚོའི་གར་སྟབས་ལྡེམ་ལྡེམ།།
བརྩེ་བའི་འཛུམ་ཆུང་དམུལ་དམུལ།།
གཤིས་བཟང་ཡིད་འཕྲོག་ལྷ་མོ།།
ཞལ་རས་དུང་ཟླ་དཀར་དཀར།།
མཁུར་བ་གཉིས་ནི་དམར་དམར།།
སོ་ཕྲེང་འོད་མདངས་ལམ་ལམ།།
ཁྲ་ཆུང་མིག་གི་རྒྱན་ཡིན།།
མ་བྲིས་སྨིན་མ་གོར་གོར།།
བཏགས་པའི་རྣ་རྒྱན་ཀྲིག་ཀྲིག །
མ་བཅོས་བཞིན་རས་གསལ་གསལ།།
བཅོས་པའི་གོས་རྒྱན་ཆེམ་ཆེམ།།
བྲང་གི་མྱོས་བུམ་འབུར་འབུར།།
ལུས་ཀྱི་དྲི་བསུང་འཐུལ་འཐུལ།།
སྐྱེ་གཟུགས་མདངས་བྱའི་རི་མོ།།
ཉམས་འགྱུར་ཡིད་ལ་ཡོང་བའི།།
གཞོན་ནུའི་ལང་ཚོ་ངོམ་སོང་།།
དར་མའི་གཤིས་ཀ་མཐོང་སོང་།།
ན་ཆུང་འདོད་ཉམས་ཅན་དེས།།
སྙིང་ལ་རྨ་ཁ་བཟོས་སོང་།།
ང་ལ་བལྟས་ནས་བགད་བྱུང་།།
སེམས་ནས་འཚུབ་ཆ་ལངས་སོང་།།
དངངས་སྐྲག་ཅིག་དང་ལྷན་དུ།།
ལུས་པོ་འདར་སིག་བརྒྱབ་བྱུང་།།
ཚུར་འཁོར་འཛུམ་གྱིས་བསུས་ཤིང་།།
དད་མོས་འདྲ་ཞིག་བྱེད་དུས།།
སྙིང་གི་འཕར་ལྡིང་ཡོམ་ཡོམ།།
མི་སྨྲ་བརྟུལ་ཞུགས་བཟུང་ནས།།
ཚུལ་འཆོས་རྫིག་པོ་ཞིག་གིས།།
ཡིན་མདོག་ཆེན་པོ་ངོམ་བཞག །
ཨ་རོགས་སྨན་ཆུང་ཡག་མོ།།
ཡང་ཡང་སྤྱན་གྱིས་མ་གཟིགས།།
ཚངས་མགུར་ཡིད་ལ་དྲན་ཡོང་།།
བརྩེ་མགུར་ཞེ་ལ་ཐོགས་ནས།།
མིང་དང་ཚིག་གིས་བསྙད་པའི།།
དབྱངས་ཀྱི་ཕོ་བྲང་བཞེང་འགྲོ།།
འཁོར་བས་བསླུས་པའི་མི་རེད།།
དགའ་སྐྱོ་གཉིས་ཀྱིས་གྲུབ་པའི།།
ཕལ་བའི་གཤིས་ཀ་འདི་ལ།།
བག་ཆགས་སད་སྟོབས་ཤིག་གིས།།
ཚོར་བྲིས་སེམས་ནས་བཞུར་ན།།
ཁྲེལ་དགོད་ཞེ་དགོད་མ་གནང་།།
བརྟག་དཔྱད་མང་ཙམ་མ་བྱེད།།
ཡིག་ཉོག་འབྲི་བ་ཙམ་ཡིན།།
༼ རྫ་ཤུལ་བློ་བཟང་། ༽
