国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁྱོད་ཀྱི་མི་ཚེ།

རི་རྩེ་ནས་ཐོ་རེངས་སྐར་ཆེན་གྱིས།

རྨི་ལམ་གྱི་སྒོ་ཆེན་བརྡུངས་ནས་དལ་གྱིས་བྱོན།

ཁྱོད་ཀྱིས་སྦྲ་རོག་རོག་གི་དབུས་ཀྱི་

ཐབ་ཚང་དུ་མེ་ཁ་བསྲོས།

འབྲོག་ཐང་དུ་དུད་སྤྲིན་གྱི་མཆོད་པ་བྱས།

མཚམས་སྤྲིན་དམར་ལང་ངེར་གྱི་འོག་ན།

ངུར་སྒྲ་གསལ་ལྷང་ལྷང་གི་ལྷས་ནས།

ཐ་ག་པའི་གོམ་ཆུང་བཞིན་མྱུར་སྟབས་ཀྱིས།

འབྲི་མོ་འཇོ་ཞིང་བེའུ་ཆུང་རྡང་དུ་བཏགས་ནས།

བཞོ་དབྱངས་ཀྱི་འགྱུར་ཁུག་སྙན་མོ།

སྦྲ་ནག་གི་འདབས་སུ་བཀུགས།

ནོར་ཁྱུའི་རྨིག་རྗེས་འཚོལ་བཞིན།

རི་ཆེ་མ་ཆུང་གསུམ་གོམ་གྱིས་གཞལ།

འཕར་སྤྱང་གི་འཇབ་རྒོད་དྲན་བཞིན།

རི་ཁུད་དང་རི་སྒང་ནས་སོ་སྲུང་བྱེད།

འཆར་ཀའི་ཉིན་བྱེད་དང་ལྷན་དུ་རི་ལ་ཆས་ཤིང་།

ནུབ་ཁའི་ཉི་ཟེར་དང་འགྲོགས་ནས་ཡུལ་དུ་ལོག།

ཉིན་མོའི་ཉི་ཟེར་དང་མཚན་མོའི་ཟླ་འོད་དང་ལྷན།

ལོ་ཟླའི་ཕྲེང་བ་རིམ་གྱིས་ཟད།

བཟླས་སྐྱོན་ལྟ་བུར་སོང་བའི་ལོ་དང་ཟླ་བ།

ཁྱོད་ཀྱི་མི་ཚེ་འདིའིབརྒྱུད་རིམ་ཡིན་ངེས།

༼ སྨྱུག་ཞེན། ༽