国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྐྱོ་ངལ་སངས་པའི་ རྒྱང་བཞུད།

འཚོ་བ་ཐབས་ཆག་ཅིག་ལ་གཅེས་པ་ནས།།

སྣང་བར་མཐུན་པའི་ཡུལ་དུ་དེ་རིང་སླེབས།།

སེམས་འདི་སྐྱོ་བ་མེད་ལ་དང་བ་འདྲེན།།

དང་བའི་གསེང་དུ་སྤྲོ་ཚོགས་རབ་ཏུ་མང་།།

ཨེ་མ་ཡུལ་འདིའི་མཛེས་ལྗོངས་མཐོང་བ་ཡང་།།

ལས་ཀྱི་སྐལ་བཟང་ཡིན་པས་དྲན་སྣང་རྡོལ།།

དྭངས་གཙང་ཆུ་བོ་ཞིག་དང་མེ་ཏོག་ཀུན།།

ཕན་ཚུན་ལང་ཚོ་ངོམ་བཞིན་འཛུམ་པ་མངོན།།

ངས་ཀྱང་མདང་གི་སྐྱོ་བ་རྒྱང་དུ་གཡུག །

དྲན་པའི་གཏིང་ནས་བོར་བས་སྐྱོ་ངལ་སངས།།

ཨེ་མ་ཡུལ་གྱི་མཚར་སྡུག་མཐོང་བ་མོད།།

ལས་སྨོན་བཟང་པོ་ཞིག་གིས་སྔོན་འགྲོ་ཡིན།།

བརྩེ་བ་ཞུགས་པའི་ཡུལ་དུ་སླེབས་པ་ནས།།

གློ་རྡེག་སྣང་བས་མ་ཆུད་མཐོང་བ་ཚོགས།།

མ་སྤྲོས་རང་བྱུང་ཁམས་འདི་ཡིད་དུ་འོང་།།

མ་བཅོས་འཚོ་བའི་ཕུན་ཚོགས་ཤིན་ཏུ་ཡག །

ཨེ་མ་མཛེས་སྡུག་ཀླུབ་པས་སྤྲོ་བ་འཕེལ།།

ལས་དང་རྟེན་འབྲེལ་བཟང་པོའི་འབྲས་བུའོ།།

རང་བྱུང་མཚོ་དང་མཚེའུ་ཉམས་དགའ་བ།།

ཉ་མོ་ཆུ་ལ་རྐྱལ་བ་ཉམ་ཆུང་ཞིང་།།

བདེ་སྣང་འདྲེན་པའི་འཚོ་བ་དེ་རིང་མྱོང་།།

རྟོག་པ་འཕྱོ་རྒྱུ་བྱུང་ཡང་ཡིད་དགའ་བས།།

ཨེ་མ་སྐྱོ་ངལ་སངས་པའི་རྒྱང་བཞུད་ལས།།

ནང་མཐུན་གྲོགས་པོ་ཡོད་པས་ཤིན་ཏུ་སྐྱིད།།

གྲོགས་པོའི་ཞེ་ཡི་གླེང་མོལ་སྙན་ལྷང་ལྷང་།།

འཚོ་བ་ལྷད་མེད་ཅིག་ལས་ཉན་པར་སྤྲོ།།

སེམས་དང་སེམས་ཀྱི་སྐད་ཆ་དེ་རིང་གླེང་།།

བག་ཆགས་བརྟན་པའི་དྲན་པ་དེ་རིང་ཟུག །

ཨེ་མ་གྲོགས་པོ་ཡོད་པས་བདེ་སྐྱིད་མང་།།

ལས་དབང་གཙང་མ་ནང་དུ་སྐྱིད་པོ་བྱུང་།།

༼ ཁམས་འོད་གསལ། ༽