ལ་གླུ་དང་ནི་ལས་འབྲེལ་བཟང་པོ་ཆགས།།
ཕྱུགས་ཀྱི་རྫི་བོ་ལ་གླུ་མཁན་པོར་གྱུར།།
ཡུལ་མི་ཚོས་ནམ་རྒྱུན་གུས་ཤིང་བརྩེ་བའི་ངང་ནས་ལ་གླུ་མཁན་པོ་ཞེས་འབོད་བཞིན་ཡོད་པའི་བགྲེས་སོང་དེ་ནི་ལྕགས་ཟམ་ཁ་ཝུའུ་ཚང་ཁྱིམ་རྒྱུད་ཀྱི་ལ་གླུ་བརྒྱུད་འཛིན་པ་མི་རབས་དྲུག་པ་ཝུའུ་ཆོན་ཆིང་རེད། 1949ལོའི་ཟླ་བ2པར་ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་དུ་སྐྱེས་ཤིང་། ཕ་མ་གཉིས་ཀ་ས་གནས་དེ་གའི་སྐད་གྲགས་ཡོད་པའི་ལ་གླུ་མཁན་པོ་ཡིན། ཁོ་རང་ལོ་ན7ལ་སོན་དུས་ལུག་རྫིའི་འཚོ་བ་རོལ་འགོ་བརྩམས། ཞོགས་པའི་དྭངས་གཙང་གི་མཁའ་དབུགས་ཁྲོད་དང་དགོང་ཀའི་མཚམས་སྤྲིན་གྱི་དམར་མདངས་ཁྲོད་དུ་ཁོའི་བྱིས་པའི་སྐད་གདངས་དང་འདྲེས་པའི་ལ་གླུའི་འགྱུར་ཁུག་ལྷང་ལྷང་དུ་གྲག། སྐབས་དེ་དུས་ཡུལ་མི་ཚོས་གནམ་སྔོན་མོའི་མགོན་སྐྱབས་འོག་ཏུ་འཚོ་བ་སྐྱེལ་བཞིན་བསམ་པའི་ལོངས་སྤྱོད་ཧ་ཅང་དབུལ་བས། ལ་གླུ་ནི་ཁོ་ཚོའི་ངལ་རྩོལ་གྱི་ངལ་དུབ་སེལ་བྱེད་དང་འཚོ་བའི་སྐྱོ་སྣང་གི་སེམས་གསོ་གཅིག་པུ་རུ་གྱུར་པ་རེད།
སློབ་གྲྭར་སློབ་དུས་ཕྱེད་ཀར་སློབ་སྦྱོང་བྱེད་ས་བསྐྱོད་པ་དང་སློབ་དུས་ཕྱེད་ཀར་ལུག་རྫི་བྱེད་པའི་བྱིས་དུས་ཀྱི་ཝུའུ་ཆོན་ཆིང་ལ་མཚོན་ན། རང་བྱུང་དང་ངལ་རྩོལ་ཁྲོད་ཕ་མ་གཉིས་ཀྱི་ལ་གླུའི་སྒྱུ་རྩལ་ལ་མིག་འདྲིས་རྣར་འཇགས་སུ་སོང་ཡོད། ཕ་མ་གཉིས་ཀྱིས་རྒྱུན་དུ་ལས་ཀ་བྱེད་ཞོར་དུ་ལ་གླུ་བླངས་ཤིང་།གླུ་སྒྲས་ས་གཞི་མ་མའི་དྲི་བསུང་བསྣམས་ནས་མུ་ཁར་ལྷོད་ཀྱིས་ཁེངས། ཝུའུ་ཆོན་ཆིང་གིས་རྗེས་སུ་བཟླས་ནས་སྦྱངས་པས་གཞས་གདངས་ཀྱི་འགྱུར་ཁུག་ལ་རིམ་བཞིན་ཆ་རྒྱུས་ལོན། ལོ་ན12ལ་སོན་དུས་ཁོ་རང་ཨ་ཕའི་རྗེས་སུ་འབྲངས་ནས་ལ་གླུ་དངོས་སུ་སྦྱོང་བའི་སྐལ་བཟང་ཤར་བ་དང་། དུས་དེ་ནས་བཟུང་རང་ཡུལ་གྱི་སྐད་གདངས་སྙན་མོ་དེ་ཁོའི་མི་ཚེའི་ཁྲོད་ཀྱི་བྲལ་ཐབས་མེད་པའི་གྲིབ་གཟུགས་སུ་གྱུར་པ་རེད།
དམངས་ཁྲོད་ལ་གླུ་འཚོལ་སྡུད་བྲེལ་བ་ནས།།
རྒྱུད་རིམ་ལྡན་པའི་སྡུད་སྒྲིག་ལས་ལ་གཞོལ།།
1983ལོའི་ཞོགས་པ་ཞིག་ལ། ལྕགས་ཟམ་རྫོང་རིག་གནས་ཁང་གི་གཞུང་ལས་ཁང་དུ་སེར་མདོག་ཅན་གྱི་ལ་གླུ་ལག་བྲིས་འགའ་ཅོག་ཙེའི་སྟེང་དུ་བཞག་ཡོད། ཝུའུ་ཆོན་ཆིང་གིས་ལ་གླུའི་གདངས་རེ་རེ་བཞིན་ཟིན་ཐོར་བཀོད་པ་དང་མཚམས་རེར་མིག་བཙུམས་ནས་དལ་མོར་ལེན་གྱིན་ཡོད། དབྱངས་རྟགས་རེ་རེ་བཞིན་བསྐྱར་བསྡུར་ཞིབ་བསྡུར་བྱས། ལོ་དེར་ཁོ་རང་ལྕགས་ཟམ་རྫོང་རིག་གནས་ཁང་གིས་ལྕགས་ཟམ་ལ་གླུ་གདོད་མའི་རྒྱུ་ཆ་བསྡུ་རུབ་དང་ལེགས་སྒྲིག་བྱེད་མཁན་དུ་གདན་དྲངས་པ་དང་། དེ་ནས་བཟུང་དམངས་ཁྲོད་གླུ་པ་ནས་རིག་གནས་སྐྱོང་མཁན་ཞིག་ཏུ་གྱུར་པ་རེད།
སྐབས་དེར་ལྕགས་ཟམ་ལ་གླུ་ལོ་ངོ་སྟོང་རིང་ལ་དར་ཁྱབ་བྱུང་ཡང་དམངས་ཁྲོད་དུ་ཁ་ཐོར་ནས་ཁྱབ་པ་དང་རྒྱུད་རིམ་ལྡན་པའི་སྡུད་སྒྲིག་མེད་པས། གླུ་གདངས་མང་པོ་ཞིག་སྒྱུ་རྩལ་པ་རྒན་གྲས་ཚེ་ལས་འདས་པ་དང་བསྟུན་ནས་རིམ་བཞིན་རྒྱུན་ཆད་འགྲོ་བཞིན་ཡོད། རིག་གནས་ཤུལ་བཞག་རྩ་ཆེན་དེ་དག་མྱུར་དུ་སྐྱོབ་པའི་ཆེད། ཝུའུ་ཆོན་ཆིང་གིས་རས་ཁུག་རྒྱབ་ཏུ་ཁུར་ནས་གྲོང་སྡེ་དང་དུད་ཚང་། ཞིང་མུར་སོགས་སུ་བསྐྱོད་དེ། རང་ཉིད་ཀྱིས་ལེན་ཤེས་པ་ཕུད་ད་དུང་སྒྱུ་རྩལ་པ་རྒན་གྲས་ཁག་གཅིག་གི་གླུ་གདངས་དང་གླུ་ཚིག་ཟིན་ཐོར་བཀོད་པ་རེད། ལོ་མང་རིང་ལ་ལྕགས་ཟམ་ལ་གླུའི་གླུ་གདངས40ལྷག་རེ་རེ་བཞིན་རིགས་བཀར་ནས་བཀོད་ཡོད།
2018ལོར་ཝུའུ་ཆོན་ཆིང་གིས་རང་ཉིད་ཀྱི་མི་ཚེ་ཕྱེད་ཀའི་སེམས་ཤུགས་འདུས་པའི《ལྕགས་ཟམ་ལ་གླུ་དང་དམངས་གཞས་ཕྱོགས་བསྒྲིགས》དཔེ་སྐྲུན་ཐུབ་པ་མཐོང་སྐབས་སེམས་འགུལ་ཐེབས་ནས་མིག་ཆུ་འཁོར་བ་རེད། དེབ་དེའི་ནང་ལྕགས་ཟམ་མཚོ་གཉིས་ལ་གླུ་མེས་པོ་ནས་བརྒྱུད་པ་དང་ཐོག་མའི་གསར་རྩོམ་ཁག་གཉིས་བགོས་ཤིང་ཁྱོན་གླུ་ཚིག1000ལྷག་ཡོད། དེའི་ནང་ཁོས་གསར་དུ་བརྩམས་པའི་གླུ་ཚིག40ལྷག་ཡོད། 2023ལོར་ཝུའུ་ཆོན་ཆིང་གིས་གཙོ་སྒྲིག་བྱས་པའི《ལྕགས་ཟམ་མཚོ་གཉིས་ལ་གླུ》ཞེས་པར་ཁོ་རང་གི་ངག་རྟ40ལྷག་དང་མཚོན་བྱེད་རང་བཞིན་གྱི་གླུ་གདངས80ལྷག་བསྡུས་ཡོད།
2022ལོར་ལྕགས་ཟམ་མཚོ་གཉིས་ལ་གླུ་སི་ཁྲོན་ཞིང་ཆེན་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་སུ་བདམས་པ་དང་། ཝུའུ་ཆོན་ཆིང་ལའང་རྣམ་གྲངས་དེའི་ཞིང་ཆེན་རིམ་པའི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པའི་མཚན་སྙན་ཐོབ། ཁོས་གཟི་བརྗིད་མཚན་སྙན་གྱི་དཔང་ཡིག་ལག་ཏུ་དམ་པོར་བཟུང་ནས་ཡང་བསྐྱར་བྱིལ་བྱིལ་བྱས་ཏེ། ལ་གླུའི་རྩ་བ་སྲུང་ཐུབ་སོང་། གཞི་ནས་སྲུང་ཐུབ་སོང་ཞེས་བཤད་པ་རེད།
རིག་གནས་བརྒྱུད་འཛིན་འགན་ཆེན་ཕྲག་ཏུ་ཁུར།།
དུས་རབས་བཟང་པོའི་ལེའུ་གསར་གླུ་ཡིས་བསྟོད།།
རིག་གནས་བརྒྱུད་འཛིན་ནི་རྒན་རབས་ཁོ་ནར་བརྟེན་མི་རུང་བར་ངེས་པར་དུ་གཞོན་ནུ་ཚོའི་ལག་ཏུ་སྤྲད་དགོས་ཞེས་པ་ནི་ཝུན་ཆོན་ཆིང་གིས་དུས་རྒྱུན་བཤད་པའི་སྐད་ཆ་ཞིག་རེད། ཁོའི་ཤུགས་རྐྱེན་དང་གསོ་སྐྱོང་འོག་ཁོའི་བུ་མོ་ཡང་ལྕགས་ཟམ་ལ་གླུ་ཡི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པར་གྱུར། ལྕགས་ཟམ་ལ་གླུ་ན་གཞོན་ཁྲོད་དུ་རྩ་བ་ཚུགས་ཤིང་ལོ་མ་རྒྱས་པའི་ཆེད། ཁོས་སྣེ་ཁྲིད་དེ་མཚོ་གཉིས་ལ་གླུ་རུ་ཁག་དང་གསར་བརྗེའི་དྲན་ཤེས་ལ་གླུ་རུ་ཁག་སོགས་ལ་གླུ་རུ་ཁག་མང་པོ་བཙུགས་པ་དང་ཁོངས་མི་བརྒྱ་ལྷག་ལ་ཟིན། དེའི་ནང་ལོ་ན60ལྷག་གི་རྒན་རྒོན་ཡོད་ལ་ལོ་ན20ལྷག་གི་ན་གཞོན་སློབ་མ་ཡང་ཡོད་པ་རེད།
ཝུའུ་ཆོན་ཆིང་གིས་དཀའ་ངལ་མ་འཛེམས་པར་ཞར་དང་ཞོར་ལ་ལ་གླུ་གཞན་ལ་སློབ་བཞིན་ཡོད། ལྕགས་ཟམ་གངས་དཀར་རི་བོ་སློབ་ཆུང་དང་ལྕགས་ཟམ་སློབ་འབྲིང་སོགས་སློབ་གྲྭས་ཁོ་རང་དགེ་རྒན་ལ་གདན་དྲངས་པས་རླུང་འཇམ་ཉི་མ་དྲོ་དུས་ཡིན་ན་འདྲ། ཁ་ཆར་བུ་ཡུག་འཚུབ་དུས་ཡིན་ནའང་འདྲ། གང་ཡིན་རུང་ཕྲུ་གུ་ཚོར་སློབ་ཁྲིད་བྱེད་མཚམས་བཞག་མྱོང་མེད། ཁོས་ཕྲུ་གུ་ཚོས་ལ་གླུ་ཤེས་སོང་ན་ལ་གླུའི་རྒྱུན་ཆད་མི་ཐུབ་ཅེས་བཤད།
སློབ་གྲྭར་བསྐྱོད་པར་ཕུད། ཝུའུ་ཆོན་ཆིང་གིས་ད་དུང་ལ་གླུ་རུ་ཁག་ཁྲིད་དེ་སྤྱི་ཁུལ་དང་ལྗོངས་ཁུལ་དུ་བསྐྱོད་པ་དང་། དཔྱིད་གསར་དུས་ཆེན་དུ་ཐང་ཆེན་ལ་འཁྲབ་སྟོན་དང་། སེའུ་དམར་པོ་དང་ཡུལ་སྡེ་རིག་གནས་དུས་ཆེན་སོགས་ཀྱི་བྱེད་སྒོར་འཁྲབ་སྟོན་བྱས་པ་རེད། 2025ལོར་ཏ་ཀྲོའུ་ཡི་རིག་གནས་སྤེལ་རེས་བྱེད་སྒོར་ཝུའུ་ཆོན་ཆིང་གིས་ལུས་ལ་མི་རིགས་ཀྱི་གཟབ་འཆོར་སྤྲས་ཏེ་ང་ཡི་ཕ་ཡུལ་འགྱུར་ལྡོག་ཆེ་ཞེས་པའི་ལ་གླུ་བླངས་པ་རེད། གློག་འོད་ཆེམ་ཆེམ་དུ་འཕྲོས་པའི་གར་སྟེགས་སུ་ཁོས་སྐད་གསང་མཐོན་པོས་ལྕགས་ཟམ་གྲོང་སྡེའི་འཕོ་འགྱུར་ཆེན་པོ་དང་མང་ཚོགས་ཀྱི་འཚོ་བ་སྐྱིད་པོར་གླུ་ཡིས་བསྟོད། སྟེགས་འོག་ནས་དགའ་བསུའི་ཐལ་སྒྲས་ཁེངས་ཤིང་ལྟད་མོ་བ་མི་ཉུང་བ་ཞིག་གིས་རང་དབང་མེད་པར་དབྱངས་འགྲོས་དང་བསྟུན་ནས་ངག་སྐྱོར་བྱེད། སྐབས་དེར་ཁོའི་བཞིན་རས་སུ་ལོ་ཆུང་དུས་ཀྱི་དགའ་ཞེན་དང་སྤོབས་པའི་ཉམས་ཀྱིས་ཡོངས་སུ་ཁེངས་འདུག།
ད་ཆའི་མཚོ་གཉིས་གྲོང་སྡེར་དབུལ་ཕོངས་ཀྱི་རྒྱ་ལས་ཐར་ནས་ཁྱིམ་ཚང་ཚང་མས་ཡངས་ཤིང་གསལ་བའི་ཁང་གསར་བསྐྲུན་པ་དང་རླངས་འཁོར་ཆུང་ངུ་ཉོས་ཡོད། རི་ལུང་ཀུན་ཏུ་ཁྱབ་པའི་སེའུ་དམར་པོ་ཡུལ་མི་ཚོའི་ཕྱུག་པོར་ཆགས་པའི་གསེར་སྡོང་དུ་གྱུར་ཡོད། ཝུའུ་ཆོན་ཆིང་གིས་ཕ་ཡུལ་གྱི་འཕོ་འགྱུར་དེ་ལ་གླུ་ནང་བྲིས་པ་དང་། 《ང་རང་ལྕགས་ཟམ་ཁྱིམ་ལ་དགའ་བ》 《དམངས་ཕྱུག་སྲིད་ཇུས་གཟི་འོད་འཕྲོ》སོགས་ཀྱི་བརྩམས་ཆོས་སུ་བབ་ཆགས་པའི་སྐད་ཆ་དང་སྙན་འཇེབས་ཀྱི་ངག་རྟ་ཐོག་ནས་མང་ཚོགས་ཚོས་ཏང་གི་དྲིན་ལན་དྲན་པ་དང་འཚོ་བ་གསར་པར་བཅངས་པའི་དགའ་ཞེན་མཚོན་ཡོད། 2021ལོར་ཁོས་བརྩམས་པའི《སེམས་ཀྱི་གླུ་གཞས་ཏང་ལ་ཕུལ》ལ་སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱི་ཡུལ་སྡེའི་ངག་སྐད་སྙན་མོའི་དུས་ཚིགས་གསུམ་པའི་བྱེད་སྒོར་ཟངས་ཀྱི་བྱ་དགའ་ཐོབ་ནས་ལྕགས་ཟམ་རང་ཡུལ་གྱི་གསར་རྩོམ་གླུ་གཞས་ཚད་ལྡན་ཞིག་ཏུ་གྱུར་པ་རེད།
རིག་གནས་བརྒྱུད་འཛིན་ཕུད་ཝུའུ་ཆོན་ཆིང་ད་དུང་སྤྱི་ཚོགས་སྤྱི་ཕན་ཁྲོད་དུ་ཧུར་ཐག་ཞུགས་ཏེ། ཤེས་བྱ་སྣ་ཚོགས་ལ་གླུའི་ལམ་ནས་ཚང་མ་ལ་ཁྱབ་གདལ་གཏོང་བཞིན་ཡོད།
མ་འོངས་པའི་སྐོར་གླེང་བའི་ཚེ། ཝུའུ་ཆོན་ཆིང་གིས་ད་ལོར་ང་རང་ལ་རེ་བ་གཉིས་ཡོད། གཅིག་ནི་ལྕགས་ཟམ་གྱི་ངག་རྟ་སྣ་མང་འདུས་པའི་ལ་གླུའི་གདངས་དེབ་གཅིག་བྲི་རྒྱུ་དང་གཉིས་ནི་ལ་གླུའི་སྒྲ་དབྱངས་བརྙན་འཕྲིན་གསར་པ་ཞིག་བཟོ་རྒྱུ་ཡིན། ལུས་པོས་མ་ལྕོགས་བར་དུ་མུ་མཐུད་དེ་མཚོ་གཉིས་ལ་གླུ་བླང་རྒྱུ་ཡིན་ཞེས་སྤོབས་པ་ཆེན་པོས་དེ་ལྟར་བཤད།
ལུག་རྫི་ཆུང་ཆུང་ནས་སེའུ་དམར་པོའི་ཆོལ་ཁའི་ལ་གླུ་མཁན་པོའི་བར་དང་། ཝུའུ་ཚང་ཁྱིམ་རྒྱུད་ཀྱི་བརྒྱུད་འཛིན་པ་མི་རབས་དྲུག་པ་ནས་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་བརྒྱུད་འཛིན་པའི་བར་ཝུའུ་ཆོན་ཆིང་གིས་བརྒྱུད་འཛིན་ཞེས་པའི་ཡི་གེའི་དོན་སྙིང་ལ་འགྲེལ་བཤད་གསལ་ཐག་ཆོད་ཅིག་བརྒྱབ་ཡོད། ཁོས་དམངས་ཁྲོད་དུ་སྦས་པའི་ཕ་ཡུལ་གྱི་ངག་སྐད་དེ་འདས་མ་ད་གསུམ་སྦྲེལ་བྱེད་ཀྱི་རིག་གནས་ཀྱི་འབྲེལ་ཐག་ཏུ་བསྒྱུར། ཁོས་ཚེ་གཅིག་གི་ཐོག་མའི་བསམ་འདུན་བརྟན་དུ་བསྲུངས་ཏེ། ལྕགས་ཟམ་མཚོ་གཉིས་ལ་གླུ་ལ་དུས་རབས་གསར་པའི་འོད་མདངས་རྒྱས་སུ་བཅུག་གོ།། ( བདེ་ཆེན་དབང་མོས་བྲིས།)
