国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁམས་མི་ཉག་འདྲ་ཁོག་གི“ཝོ་ཀོ”འམ་ཕག་རྙིང་།

བོད་མདོ་དབུས་མཐོ་སྒང་དུ་སྔོན་བྱོན་མེས་པོ་ཚོས་མི་ལོ་ཁྲི་སྟོང་མང་པོའི་རིང་ལ་རང་བྱུང་ཁམས་ཆེན་མོ་འདིའི་པང་བར་འབད་བརྩོན་ལས་ཤེས་རབ་དང་དཔལ་ཡོན་མང་པོ་ཞིག་བསྐྲུན་ཞིང་། རང་ཉིད་གནས་སའི་ཁོར་ཡུག་དང་འཚམ་པའི་བཟའ་བཏུང་རིག་གནས་སོགས་གསར་དུ་བཏོད་ནས་རང་བྱུང་ཁམས་དང་འཆམ་མཐུན་མཉམ་གནས་ཀྱི་སྒོ་ནས་འཚོ་ཞིང་གནས་པ་རེད། མཐོ་སྒང་གི་གནམ་གཤིས་དང་དབྱར་དགུན་དུས་འགྲོས། རོང་འབྲོག་གི་ཐོན་སྐྱེད་སོགས་དང་བསྟུན་ནས་རང་ས་རང་ཡུལ་ནས་བཟའ་བཏུང་རིག་གནས་འདི་གསར་དུ་བསྐྲུན་ནས་བྱུང་བ་ཞིག་ཡིན་ལ། བཟའ་བཏུང་གིས་ལུས་པོའི་འཚོ་བཅུད་ཀྱི་དགོས་མཁོ་སྐོང་བཞིན་མུ་ནས་མུ་རུ་ནས་འཚོ་ཐབས་ཀྱི་རྒྱུན་སྐྱོང་བཞིན་ཡོད་པ་རེད། བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་ལོ་རྒྱུས་ལ་མཚོན་ན་མི་ལོ1500གོང་དུ་འཚོ་བ་ཟས་ཀྱི་མདོ་ཡོད་པ་དང་། མི་ལོ1100གོང་དུ་རྒྱུད་བཞིའི་ནང་མི་ན་བར་གནས་པར་བྱེད་པའི་ཟས་དང་སྤྱོད་ལམ་སྐོར་གྱི་རིག་གཞུང་ཆགས་ཡོད་པ། མི་ལོ800གོང་དུ་འཇམ་དབྱངས་མགོན་པོས་བཟའ་བཏུང་གཡོས་སྦྱོར་སྐོར་གྱི་བསྟན་བཅོས༡༢༠བརྩམས་པ་སོགས་བཟའ་བཏུང་རིག་གནས་འདི་ཉིད་ཀྱི་ལོ་རྒྱུས་ཡིག་ཐོག་ཏུ་ཕབ་ནས་ཀྱང་ལོ་སྟོང་ཕྲག་ལྷག་འགོར་ཡོད་པ་ཤེས་ཐུབ་། མདོ་དྲི་མེད་གཟི་བརྗིད་ལས། ལུག་ལྷ་བ་བལ་ཆེན་བཞོས་པ་ལས། །འོ་མའི་སྙིང་པོ་མར་དུ་བྱུང་། །སྔོན་མོ་ནས་ཀྱི་ཕྱེ་མ་དང་། །སྙིང་པོ་མར་གྱི་བཅུད་བསྡེབས་པས། །ཕྱེ་མ་འོལ་ཀོན་གསོས་སུ་བྱུང་། །ཞེས་དང་། ཡང་། སྔོན་མོ་ནས་ཀྱི་ཉིང་ཁུ་ལ། །རྩི་བཅུད་འོ་མ་སྲིད་པ་ལས། །ཨརྒྷཾ་ཕུད་ཀྱི་མཆོད་པ་བྱུང་། །ཞེས་བྱུང་བ་ལྟར་འབྲོག་པའི་ལུག་མར་དང་ཞིང་པའི་ནས་སྔོན་གྱི་རྩམ་པ་བསྲེས་པའི་ཕྱེ་མར་གྱི་བཟའ་བ་དང་། འབྲུ་སྔོན་བསྙལ་བའི་ནས་ཆང་དང་ལུག་གི་འོ་མའི་བཏུང་བ་གཉིས། ཟས་ཀྱི་ཐོག་མ་བྱུང་ཚུལ་གྱི་ལོ་རྒྱུས་ཡོད་པ་དང་། བོད་རྒྱལ་གཉའ་ཁྲི་བཙན་པོ་ཁྲི་ལ་བཀོད་པའི་གཏམ་རྒྱུད་ཏུན་ཧོང་ཡིག་རྙིང་ལས་ཀྱང་། ཐུད་དང་མར་གྱི་སྲེག་ཤ །གདར་སོགས་བཟའ་བཏུང་གི་ལོ་རྒྱུས་ཡོད་པ་དང་། དེ་ཡང་མེས་པོ་མཁས་མཛངས་ལྡན་པ་ཚོའི་འཚོ་བ་ཟས་ཀྱི་མདོ་དང་། སྦྱོར་བ་སྨན་གྱི་མདོ་གཉིས་ཀྱི་ནང་ནས་དང་པོ་འཚོ་བ་ཟས་ཀྱི་མདོ་དེ་གལ་ཆེ་བར་བརྩིས་ཡོད་པ་ལྟར། ང་ཚོས་ཀྱང་མདོ་དབུས་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལྷད་མེད་ཀྱི་བཟའ་བཏུང་དག་མ་ཞིག་གཡོས་སྦྱོར་གྱི་ལས་ལ་འབད་ན། གཅིག་ན་སྤྱི་ཚོགས་གསར་པའི་ཁྲོད་དུ་རང་ས་རང་ཡུལ་གྱི་ལྷད་མེད་ཟས་རིགས་ཀྱི་འཕེལ་ཁ་དར་ཞིང་མིའི་ལུས་པོ་བདེ་ཐང་ལ་ཕན་པ་དང་ལོ་ངོ་བརྒྱ་སྟོང་མང་པོ་བརྒྱུད་ནས་ཡོང་བའི་ཟས་ཀྱི་གཡོས་སྦྱོར་གྱི་ལག་རྩལ་མི་ཉམས་བརྒྱུད་འཛིན་ཐུབ་པར་ཕན་ཆེན་པོ་ཐོགས་པ་རེད། གཉིས་ན་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཟས་རིགས་འདི་དག་ཁྲོམ་ར་ཆེན་པོ་སོགས་སུ་ཚུད་ན་མི་སེར་འཚོ་བའི་དཀའ་གནད་མང་པོ་ཞིག་སེལ་ཐུབ་པ་སོགས་ཀྱི་ཕན་འབྲས་མང་པོ་ཞིག་འབྱུང་སྲིད་པའོ།།

ཁམས་མི་ཉག་འདྲ་ཁོག་ཏུ་ཕག་རྙིང་གི་ཟས་རིགས་དར་ཚུལ།

སྤྱིར་ཡུལ་གྲུ་སོ་སོ་ལ་རང་རང་གི་ཡུལ་ཁམས་ནས་བྱུང་བའི་བཟའ་བཏུང་གི་རིགས་ཕུན་སུམ་ཚོགས་པ་རེ་ཡོད་ལ། རྒྱུད་ལས། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས། །ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད། །ཅེས་ཟས་སྨན་གྱི་འབྱུང་ཁུངས་ནི་རང་བྱུང་ཁམས་ཡིན་པ་དང་། རང་བྱུང་ཁམས་ཀྱི་ནང་དུ་བདེ་ཐང་སྲུང་འཛིན་བྱེད་པའི་མན་ངག་མང་པོ་ཞིག་ཡོད་པ་ལྟར་འགྲོ་བ་མིའི་རིགས་སུ་ཡིན་ནའང་རང་ཉིད་གནས་སའི་ཁོར་ཡུག་དེ་དང་འཚམ་པར་བཟའ་བཏུང་རིག་གནས་ཤིག་གསར་གཏོད་བྱས་ཡོད་ལ། བོད་ལྟ་བུ་ལ་མཚོན་ནའང་མཐོ་བའི་འབྲོག་སྡེ་དང་དམའ་མོའི་རོང་སྡེ་བཅས་སུ་བོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་སོ་སོའི་ཁོར་ཡུག་ལ་འཕྲོད་ཅིང་འཚམ་པའི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་གསར་བཏོད་བྱས་ཡོད། ཁམས་མི་ཉག་འདྲ་ཡུལ་ཡང་དེ་ལས་མ་འདས་པས། འདྲ་པའི་མེས་པོ་གོང་མ་ཚོས་རང་ཉིད་གནས་སའི་ཁོར་ཡུག་དང་འཚམ་པའི་བཟའ་བཏུང་རིག་གནས་གསར་གཏོད་བྱས་ཡོད་པ་ལས་ཐུན་མོང་མ་ཡིན་ཞིང་ཆེས་བཤད་རིན་དུ་ཡོད་པ་ཞིག་ནི་ཁམས་མི་ཉག་འདྲ་ཁོག་གི“ཝོ་ཀོ”ཟེར་བ་འདི་རེད། “ཝོ་ཀོ”ཟེར་བ་ནི་འདྲ་པའི་སྐད་ཡིན་ལ། སྒྲ་ལྟར་ཡི་གེར་ཕབ་པ་ཡིན། འདྲ་ཁོག་དང་སྡེ་འདྲེས་ཀྱི་ཡུལ་ཁམས་སོ་སོའི་བོད་སྤྱི་ཡི་སྐད་ལ་ཕག་རྙིང་ཟེར། ལར་ཕག་རྙིང་ཟེར་དུས་ཕག་ཤ་རྙིང་པར་གོ་དགོས་ལ། ཕག་རྙིང་གི་ཟས་རིགས་འདིའི་གཡོས་སྦྱོར་གྱི་ལས་ཀ་འདི་དག་འདྲ་ཁོག་ཏུ་ལོ་དགུ་བརྒྱ་ལྷག་གི་ཡར་སྔོན་ནས་དར་ཡོད་ཚུལ་རྒན་རབས་ཚོའི་ངག་ནས་ཐོས། འདྲ་ཡུལ་གྱི་ཐུན་མོང་མིན་པའི་ཟས་རིགས་མཆོག་ཏུ་གྱུར་པ་ཞིག་ཡིན་པར་མ་ཟད། དེང་སྐབས་རྒྱལ་ཕྱི་ནང་གི་ཟས་རིགས་ཁྲོད་དུའང་འདྲ་ཁོག་ཕག་རྙིང་གི་ཟས་རིགས་ལ་ཧ་ཅང་བཅུད་ལྡན་དང་ངོ་མཚར་དུ་འཛིན་བཞིན་ཡོད་པ་རེད།

ཕག་རྙིང་དེ་ཇི་ལྟར་གཡོས་སྦྱོར་བྱེད་དགོས་པའི་སྐོར།

འདྲ་ཁོག་གི་ཕག་རྙིང་དེ་ཇི་ལྟར་གཡོས་སྦྱོར་བྱེད་དགོས་ཤེ་ན། དེ་ནི་ཕག་གཅིག(འདྲ་ཡུལ་རང་ས་ནས་ཡིན་པའི་བོད་ཕག་ནག་པོ་མ་གཏོགས་དེང་སྐབས་ཀྱི་རྒྱ་ཕག་དཀར་པོ་རིགས་ཀྱིས་འདྲ་པའི་ཕག་རྙིང་ལས་བྱེད་ཀྱི་རྒྱུ་རུ་བྱ་མི་རུང་བ་ཡིན། དེ་ནི་བོད་ཕག་ནག་པོའི་པགས་པ་མཐུག་ལ་རྒྱ་ཕག་དཀར་པོའི་པགས་པ་སྲབ་པས་ཡིན།)རང་ཡུལ་གྱི་ལྷད་མ་འདྲེས་པའི་ཞོག་ཁོག་དང་། ཉུང་མ། མ་རྨོས་ལོ་ཏོག། གྲོ་ནས་སོགས་ཀྱིས་ལོ་བཞི་ལྔ་ཙམ་ལ་གསོས་ཏེ་ཆེ་རུ་སོང་ནས་ཚོན་པོར་གྱུར་ཚེ་བཤའ་དགོས་པ་ཡིན་ལ། བཤའ་བའི་དུས་ཚོད་ནི་ལོ་མ་སར་སྔོན་གྱི་དགུན་ཁ་ཡིན་དགོས། ཕག་བཤའ་ཚེ་སྤྱིར་བཏང་ཕག་བཤའ་ལུགས་ལྟར་ཕག་གི་སྙིང་ཁར་གྲི་བཙུགས་ནས་བསད་ལུགས་དང་མི་གཅིག་ཏེ། དེ་ནི་ཐག་པ་སྦོམ་པོ་ཕག་གི་སྐེ་ལ་བསྐོན་ནས་དེར་གཅུ་ཕུར་བརྒྱབ་སྟེ་ཕག་གི་སྐེ་བསྡམས་ནས་ངན་བསད་བྱ་དགོས་པ་རེད། འདི་ལྟར་ཕག་དེ་བསད་ཚར་རྗེས། ཕག་བཤས་པའི་གོ་རིམ་ལྟར་ཆུ་ཚ་མོས་ཕག་གི་ལུས་ཡོངས་སུ་རྫོགས་པ་སྦངས་ཏེ་ཕག་སྤུ་གཙང་མ་བཞར་ནས་ཁོག་པའི་ཁ་ལ་མཐོ་དོ་ཙམ་ཡོད་པ་ཞིག་ཁ་ཕད་ནས་ནང་ཁྲོལ་ཡོངས་རྫོགས་ཕྱིར་བླངས་རྗེས། ཕག་གི་ཁོག་པའི་ནང་དུ་ཆུ་ཚ་མོས་གཙང་མར་བཀྲུས། དེ་ནས་ཁོག་པའི་ནང་ཁྲོལ་གྱི་ཤུལ་ལམ་ཚབ་ཏུ་སྐྱུར་བོ་སྐམ་པོའམ། ཉུང་མ་སྐམ་པོ། ཉུང་མའི་ལོ་མ་སྐམ་པོ་གང་གང་བ་ཞིག་བརྫངས་རྗེས་ཕག་གི་ཁོག་པའི་ཁ་ཕྱི་ནང་གཉིས་ནས་ཕྱིར་བཟོ་དྲུབ་བྱས་པ་དང་། ཤ་དང་པགས་པ་གཉིས་ཀྱི་བར་དུ་དབུག་བརྒྱབ་སྟེ་ལྒང་རིལ་དུ་བཏང་། ས་དམར་སོགས་དམ་ཅན་གྱི་ས་ལ་ཚྭ་བསྲེས་ཏེ་འདམ་བག་བརྫིས་ནས་ཁ་མིག་སྣ་སོགས་བུ་ག་ཡོངས་རྫོགས་སུ་བརྫངས་ནས་དབུགས་མི་འགྲོ་བར་བྱས། ཁོག་པའི་ཁ་ཕྱེ་བའི་རྨ་ཁ་ལ་བྱུགས་ནས་སྲིབ་མེད་པར་བྱས།(འདི་དག་ནི་གཙོ་བོ་འདྲ་ཡུལ་དུ་ས་དྲོད་ས་ཡིན་པས་འབུ་སོགས་ཀྱི་གནོད་པར་དོགས་པ་ཡིན།)དེ་ནས་ཕག་གི་རྐང་ལག་བཞི་པོར་དབྱུག་པས་རྒྱུག་ཤིང་བཏང་སྟེ་ཐག་པས་དམ་པོར་བཀྱིགས་ཤིང་ཕག་གི་རྐང་ལག་བཞི་པོ་ཁ་གནམ་ལ་བསྐོར་ཏེ་ཕག་ཁོག་ཧྲིལ་པོ་ཐབ་ཀའི་ཐོག་ནས་གནམ་ལ་འགེལ་བ་རེད། དེ་ནི་ཕག་རྙིང་ཞིག་ལས་རྒྱུའི་གོ་རིམ་ཐོག་མ་དེ་རེད། དེ་ནས་ཕག་ཁོག་ཧྲིལ་པོ་ཐབ་ཀའི་ཐོག་ནས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚིགས་བཞི་པོ་རེས་མོའི་སྒོ་ནས་སྟེང་ལ་དུ་ཁུང་ནས་ལྡིང་བའི་རླུང་དང་། འོག་ཏུ་ཐབ་ནས་འབར་བའི་མེ་དྲོད་དང་དུ་བས་བདུག་པའི་དྲོད་སོགས་དང་ལོ་གཅིག་ཡར་མར་ཞིག་ལ་འགྲོགས་པས་ཕག་རྙིང་བརྒྱུད་རིམ་གཉིས་པ་ལེགས་འགྲུབ་བྱུང་བ་ཡིན་ལ། དེ་ནས་མར་བླངས་ཏེ“སྟེབས་ཁུ”( འདི་ནི་འདྲ་སྐད་དེ་སྤྱི་སྐད་དུ་མཛོད་ཁང་ལ་གོ་དགོས )ནང་ཡུན་རིང་པོ་སྟེ་རབ་ན་ལོ་ལྔ་བཅུ། འབྲིང་ན་ལོ་སུམ་ཅུ། ཐ་མའང་ལོ་ཉི་ཤུ་ཡར་མར་ལ( ལོ་ཇི་ལྟར་མང་པོར་སོང་ན་དེ་ལྟར་རིན་ཐང་ཆེ་བར་རྩི་བཞིན་ཡོད།)གནམ་ལ་འགེལ་ནས་དུས་བཞིའི་དྲོ་གྲངས་ཀྱི་འགྱུར་ལྡོག་དང་འགྲོགས་ཤིང་བཤིབས་ནས་ད་གཟོད་ཕག་རྙིང་ཞེས་བཅུད་དང་ལྡན་ལ། འཚོ་བའི་ཟས་ཕུན་སུམ་ཚོགས་པ་འདི་གྲུབ་པ་རེད། གནམ་གཤིས་ཇི་ལྟར་དྲོད་རུང་རུལ་ནས་དྲི་ངན་བྲོ་ཡོང་བར་སྐྲག་མི་དགོས་ལ། འདྲ་པའི་མེས་པོ་ཚོས་རང་བྱུང་ཁམས་འདིའི་དྲོ་གྲང་གི་གནམ་གཤིས་དང་བསྟུན་ནས་ཟས་རིགས་ཉར་ཚགས་བྱེད་ལུགས་ཀྱི་བློ་གྲོས་ནི་ཧ་ལས་དགོས་པའི་ཚད་དུ་ཡིན།

ཕག་རྙིང་གི་ཟས་རིགས་ལ་བརྟེན་ཐབས།

ཕག་རྙིང་གི་ཟས་རིགས་འདི་གང་བྱུང་དུ་བཟའ་རྒྱུ་ཞིག་དང་མི་སུ་ཡིན་གྱིས་བཟའ་ཆོག་པ་ཞིག་ཀྱང་གཏན་ནས་མིན་ལ། དེས་ན་ཕག་རྙིང་གི་ཟས་རིགས་འདི་སུ་ཞིག་གི་དུས་གང་གི་སྐབས་སུ་བཟའ་ཆོག་པ་རེད་ཅེ་ན། དེ་ནི་གཙོ་བོ་གཉེན་སྟོན་གྱི་སྐབས་དང་ཁྱིམ་མིར་ཚེ་ཡིས་དུས་བྱས་པའི་སྐབས་ཀྱི་གཤིན་ཆོས་སོགས་སུ་བཟའ་ཆོག་པ་ཞིག་ཏུ་གྱུར་འདུག། འདྲ་ཡུལ་ལ་མཚོན་ན་དུས་སྐབས་འདི་འདྲ་ལ་ཕག་རྙིང་གི་ཟས་རིགས་དེ་མེད་དུ་མི་རུང་བ་ཞིག་ཏུ་གྱུར་འདུག ཁྱིམ་མི་ལ་ཚེ་ཡིས་དུས་བྱས་ཚེ་ཡུལ་དེ་གའི་དགོན་པའི་བླ་སེར་གདན་དྲངས་ནས་གཤིན་ཆོས་འཚོགས་པའི་སྲོལ་དེ་ནི་བོད་ཁམས་ཀྱི་ས་ཆ་གཞན་དང་གཅིག་མཚུངས་ཡིན་ནའང་།

ཕག་རྙིང་གི་ཤ་དེ་གྱུར་འདུག། ཕག་རྙིང་གི་སོག་པ་གཅིག་དགོན་པའི་བླ་མ་ལ་ཕུལ་སྲིད་ལ། སྨད་གཟུགས་ཀྱི་དཔྱི་འགོ་གྲུ་བཞི་ཞིག་དགོན་པ་དེའི་དགེ་སྐོས་ལ་འབུལ་སྲིད། དེ་མིན་ཕག་ཁོག་ཧྲིལ་པོ་གྲུ་བཞི་གྲུ་བཞི་བྱས་ཏེ་དུམ་བུ་ཆུང་ཆུང་བཅད་དེ་གོ་རེ་ལེབ་ལེབ་རེ་དང་བཅས་གྲྭ་པ་ཚོར་འབུལ་སྲིད་པ་རེད། ཡུལ་རྒྱང་རིང་ནས་ཡོང་བའི་མགྲོན་པོ་རྩ་ཆེན་དང་ནང་མི་རྩ་ཆེན་རང་ཁྱིམ་དུ་འབྱོར་ཚེ་ཕག་ཤ་འདི་དྲངས་སྲིད་དེ། ཁོང་ཅག་ཕྱིར་ལོག་སྐབས་གོ་རེ་དང་ཕག་ཤ་གྲུ་བཞི་ཆུང་ཆུང་རེ་ལེགས་སྐྱེས་ལ་སྟེར་སྲིད། དེ་ནི་མི་དེ་ལ་ཆེས་མཐོང་ཆེན་དང་བརྩི་འཇོག་གི་གུས་སྲོལ་གྱི་རྣམ་པ་མཚོན་བྱེད་ཅིག་ཏུ་བརྩི་བཞིན་ཡོད་པ་རེད། དེ་མིན་ཁྱིམ་ཚང་ཞིག་གི་ཁང་བ་ཞིག་བསྐྲུན་དགོས་ཚེ། རྩིག་རྨང་འཕངས་ནས་རྡོ་རྩིག་པར་གྲ་སྒྲིག་བྱེད་སྐབས། རྡོ་བཟོ་བའི་རྩིག་དཔོན་གནས་དེར་ཡོང་སྲིད་ལ། རྩིག་དཔོན་དེ་ལ“པོ་སྟེ་རྫས”ཞེས་པའི་ཕག་ཤ་ལེབ་ལེབ་ཅུང་ཆེ་ཙམ་ཡོད་པ་ཞིག་སྟེར་དགོས། གལ་ཏེ་རྩིག་དཔོན་དེས“པོ་སྟེ་རྫས”འདི་བླངས་བཞག་པ་ཡིན་ན། ཁང་པ་ལས་པའི་གོ་རིམ་ཁྲོད་དུ་རྡོ་བཟོ་བ་སུ་ཞིག་ལ་གློ་བུར་བའི་བར་ཆད་དང་བྱུར་གོད། རྐྱེན་ཆགས་སྒོ་ཅི་འདྲ་ཞིག་བྱུང་ནས་ཐ་ན་ཚེ་སྲོག་ཤོར་རུང་ཁག་བདག་རང་གིས་འགན་ཏིལ་འབྲུ་ཙམ་ཡང་འཁུར་མི་དགོས་པ་རེད། “པོ་སྟེ་རྫས”ཞེས་པ་ནི་དེང་སྐབས་ལྟར་ན་ཉེན་སྐྱོབ་ལྟ་བུ་ཞིག་གི་གོ་ཆོད་བཞིན་ཡོད་པ་རེད།

ཕག་རྙིང་འདིས་ཟས་རིགས་གཞན་པ་བཟོ་ཐབས།

འདྲ་ཡུལ་དུ་རང་གི་ཁྱིམ་མི་ལྷན་འཛོམས་ཀྱི་སྐབས་སུ་ནུབ་མོར་ཐུག་པ་རེ་སྐོལ་སྲིད་ལ་ཐུག་པའི་ནང་དུ་ཕག་ཤ་མཐེབ་མགོ་འདྲ་ཞིག་འཕངས་ན་དེའི་བཅུད་ཀྱིས་ཐུག་པ་བ་མ་གང་དེ་ལ་བྲོ་བ་ཕུན་སུམ་ཚོགས་པ་རེ་འབྱུང་སྲིད་པ་རེད། ཕག་ཤ་མེ་ཐུར་སྒམ་ཆུང་ལས་ཅུང་ཆུང་བ་ལྟ་བུ་ཞིག་གིས་རྒྱུ་བྱས་ནས་ཐང་བསྐོལ་བ་དེའི་མིང་ལ་འདྲ་སྐད་དུ“སྐྱ”ཟེར། ཐང་འདིའི་བཅུད་ཕུན་སུམ་ཚོགས་པར་མ་ཟད། དེང་སྐབས་གཅིན་སྙིའི་ནད་དང་མངལ་ཁྲག་མཐོ་བ། གྲུམ་བུའི་ནད་སོགས་ལ་ལྷག་ཏུ་ཕན་པ་དང་ཕོ་ཁ་དང་རྒྱུ་མའི་ནད་ཡོད་པ་ཚོས་འཛེམས་དགོས་པར་བཤད། ཞོག་ཁོག་དང་སྐྱུར་བོ་སོགས་དང་བསྡེབས་ནས་ཞོག་ཁོག“ལེ”དང་སྐྱུར་བོ“ལེ” (ལེ་ཞེས་པ་ནི་འདྲ་སྐད་དེ་མི་ཉག་སྐད་ལྟར་ན་ཞོག་ཁོག་ཕོ་ལོག་སྐྱུར་བོ་ཕོ་ལོག་ཟེར)སོགས་བཅའ་ཆོག་ལ། ཟོས་ན་ཁ་ལ་ཞིམ་ཞིང་བཅུད་དང་ལྡན་པ་ཡིན་ནོ།།

ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་ཕག་རྙིང་གི་རིན་ཐང་དང་ལག་རྩལ།

ཕག་རྙིང་ཞིག་ལས་དགོས་ཚེ་བརྒྱུད་རིམ་དཀའ་ཚེགས་ཆེ་ལ་ལས་ཡུན་ཧ་ཅང་རིང་པོ་འགོར་བཞིན་ཡོད་པས། དེང་སྐབས་གཞོན་སྐྱེས་ཀྱི་མི་ཕལ་ཆེའི་ལས་ཀའི་ངང་རྒྱུན་ནི་མི་རིང་། ཕྱི་རོལ་ཡུལ་ནས་ཡོང་བའི་ཁྲ་ཁྲ་རིག་རིག་གི་དངོས་པོ་རིག་རྒྱུ་ནི་མང་། ཕྱི་རོལ་ཡུལ་ནས་ཡོང་བའི་མིའི་ལུས་ཁམས་དང་མི་འཕྲོད་རུང་ཁ་ལ་མངར་བའི་ཟས་རིགས་མང་པོ་བཟའ་རྒྱུ་ནི་རྙེད། འདྲ་པའི་ཕག་རྙིང་ལྟ་བུའི་རང་ས་རང་ཡུལ་ནས་དར་བའི་ལྷད་མེད་ཟས་རིགས་འདི་དང་འདི་ལྟ་བུ་མང་པོ་ཞིག་མི་མངོན་བྱེ་མའི་ཕུང་པོ་རུ་ནུབ་དང་ནུབ་བཞིན་ཡོད་པ་རེད། དེང་སྐབས་འདྲ་སྟོད་སྨད་གཉིས་ལ་མཚོན་ནའང་ཕག་རྙིང་འདི་ཡོད་མཁན་ཁྱིམ་ཚང་ཐར་ཐོར་ཙམ་ལས་མེད། དེང་སྐབས་ཁྲོམ་རའི་རིན་གོང་ལྟར་ན་ཕག་རྙིང་གི་ཤ་རྒྱ་མ་གང་ལ་སྒོར་མོ་ཉིས་བརྒྱ་ལྷག་དགོས་ལ། དེའང་ཅི་འདོད་འདོད་དུ་ཉོ་ཐུབ་པ་ཞིག་གཏན་ནས་མིན། དེས་ན་མེས་པོ་གོང་མ་ཚོས་མཐོ་བའི་འབྲོག་སྡེ་དང་དམའ་མོའི་རོང་སྡེ་བཅས་སུ་སོ་སོའི་ཁོར་ཡུག་ལ་འཕྲོད་ཅིང་འཚམ་པའི་བཟའ་བཏུང་གཡོས་སྦྱོར་ལག་རྩལ་ཕུན་སུམ་ཚོགས་པོ་འདི་འདྲ་ཤུལ་དུ་བཞག་ཡོད་པ་འདི་ཚོ་ཉམས་རྒུད་དུ་འགྲོ་རུ་མི་འཇུག་པར། ཕུན་སུམ་ཚོགས་པའི་བཟའ་བཏུང་རིག་གནས་འདི་ཚོའི་རྒྱུ་ཆ་དང་། གཡོས་སྦྱོར་གྱི་ཐབས་ཤེས། བཟའ་བཏུང་སྤྱོད་ཚུལ་སོགས་རང་གི་འཁོར་ཡུག་དང་འཚམས་ཤིང་། དམིགས་བསལ་གྱི་ཁྱད་ཆོས་འཛོམས་པའི་ལྷད་མེད་པའི་བཟའ་བཏུང་རིག་གནས་འདིའི་རིགས་འདི་དག་གི་རིན་ཐང་མངོན་འགྱུར་ཡོང་བར་སྒོ་ཀུན་ནས་འབད་དགོས་སོ།།

( ཨོ་རྒྱན་དོན་གྲུབ་ཀྱིས་བྲིས།)