མུན་པ་ནི་ནམ་རྒྱུན་ལས་ཀྱང་དོ་ནུབ་ལྷག་ཏུ་ནག་ཅིང་མཐུག་པོར་གྱུར་འདུག། སྒེའུ་ཁུང་འགྲམ་དུ་གཅིག་པུར་སྦར་པའི་གློག་སྒྲོན་དེ་ཡིས་དོ་ནུབ་ལྷག་ཏུ་ཟབ་ནན་གྱིས་བཟོ་ལྟ་ཞིག་བསྟན་ཏེ་དཀར་འོད་ཁྲོམ་ཁྲོམ་གྱི་ཟེར་མ་ང་ལ་སྩོལ་ཅི་ཐུབ་བྱེད་ཀྱིན་འདུག། སིམ་སིམ་གྱིས་འབབ་ཀྱིན་པའི་ཆར་པའི་སྒྲ་དང་སྒྲ་དེའི་ནང་ནས་ཞིབ་ཀྱིས་ཉན་ན་རྒྱུ་མཚན་མེད་པར་ཟུག་གིན་པའི་ཁྱི་སྐད་དེ་དག་ནི། དོ་ནུབ་ངའི་ལྷིང་འཇགས་ཀྱི་འཇིག་རྟེན་ལ་ཆེད་དུ་གནང་བ་འདྲ་བྱུང་། དེ་དག་གིས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་བདེ་སྐྱིད་དང་ཉན་སྙིང་བྲོ་པའི་ཚོར་བ་ཅིག་གནང་བྱུང་།
དོན་དམ་དུ་འུ་ཚོས་ཉམས་མ་བཞག་པ་ལས་བདེ་སྐྱིད་ནི་རང་དང་ཁ་ཐག་ཧ་ཅང་ཉེ་པོ་འདུག་ཨང་། སིམ་སིམ་གྱི་ཆར་པའི་སྒྲ་ནི་ཉན་སྙིང་བྲོ་བའི་རོལ་དབྱངས་ཤིག་དང་འདྲ་བར་ནང་སེམས་ལ་དང་བ་འདྲེན་ཐུབ་ལ། དཀར་འོད་ཁྲོམ་ཁྲོམ་གྱི་ཟེར་མ་དེ་ཡིས་འུ་ཅག་མུན་ནག་གི་འཇིག་རྟེན་ལས་བརྒལ་ཏེ་གཞན་དུ་ཁྲིད་ཐུབ། དེ་ལས་ཀྱང་སྲང་ལམ་ནས་འཕྲད་པའི་བུ་མོ་དེ་ཡིས་ཟུར་མིག་འཕེན་པ་ལས་བྱུང་བའི་ཚོར་འདུ་ཆུན་པོ། ཕྱི་དྲོར་མཚམས་སྤྲིན་བལྟས་པ་ལས་བྱུང་བའི་ཞེན་ཆགས་ཟབ་མོ། དེ་དག་ནི་རྒྱུ་འབྱོར་གྱིས་འགྲོ་གྲོན་གཏོང་མི་དགོས་པར་ནམ་ཞར་འུ་ཚོ་ལ་ཡོད་པའི་བདེ་སྐྱིད་འབའ་ཞིག་ཡིན་པ་ཁྱོད་ཀྱིས་ཚོར་བྱུང་ངམ།
བདེ་སྐྱིད་ནི་རང་དང་ཁ་ཐག་རིང་བའི་རྨི་ལམ་ཞིག་རེད་ཅེས་མ་ཟེར་རོགས། འུ་ཅག་ལ་བདེ་སྡུག་གི་ཚོར་འདུ་མ་འགག་པ་དེ་སྲིད་དུ་བདེ་སྐྱིད་ཀྱང་རང་ཆས་སུ་ཡོད་ངེས། སྐབས་རེར་བདེ་སྐྱིད་ནི་ཅི་ཡང་མེད་པ་ཞིག་ཡིན་ངེས། སྐྱོ་སྣང་མེད་པ། སྡུག་བསྔལ་མེད་པ། ན་ཚ་མེད་པ། འདུ་བྲལ་མེད་པ། མེད་པ་ནི་བདེ་སྐྱིད་མིན་པའི་ངེས་པ་ཡང་ཡོད་མི་སྲིད། ཁྱེད་རང་རྒྱུ་མེད་དབུལ་པོ་ཞིག་ཡིན་ན་ཡང་། འབྱོར་ལྡན་རྣམས་ལ་གཉུག་མར་གནས་པའི་འདོད་རྔམས་ཚ་བོ་དེ་འདྲ་མེད་པ་ཡིན་ན། ཁྱེད་རང་བདེ་སྐྱིད་ལྡན་པའི་ཕྱུག་པོ་ཞིག་ཡིན་ངེས། འཚོ་བ་ལ་མ་གཞི་ལེགས་ཉེས་གཉིས་ཀྱིས་གྲུབ་པ་ཞིག་ཡིན། ཁྱོད་ཀྱིས་བདེ་སྐྱིད་ནི་ཡོད་པ་དག་དག་རེད་ཅེས་མ་ཟེར་རོགས། ཁྱོད་ཀྱིས་ཡང་དག་པའི་ཁ་ཕྱོགས་གདམས་པ་མ་ནོར་ན། མེད་པས་ཀྱང་བདེ་སྐྱིད་སྟེར་མི་ཐུབ་པའི་ངེས་པ་ཡོད་མི་སྲིད་དོ། །
སྐབས་རེར་རྒྱུ་མཚན་ཕྲན་བུ་རེའི་རྐྱེན་གྱིས་སྐྱོ་སྣང་སྟེར་སྲིད། འུ་ཅག་གཉིས་འཛིན་གྱི་སྨུག་པ་ཤིན་ཏུ་མཐུག་པའི་འཇིག་རྟེན་པ་ཡིན་པས་དེ་ནི་རྒྱུན་ལྡན་ཞིག་ཡིན་ངེས། ནང་སེམས་ལ་སྐྱོ་སྣང་གི་བུ་ཡུག་ཅི་ཙམ་འཚུབ་ནས་འོང་ན་ཡང་། སྐྱོ་སྣང་དེ་རྟག་བརྟན་འགྱུར་མེད་ཀྱིས་འཚུབ་ཅིང་དྭངས་ཐབས་བྲལ་བ་ཞིག་གཏན་ནས་ཡོད་མི་སྲིད། དེའི་ཕྱིར་ཁྱེད་རང་ནམ་དུ་ཡང་སྐྱོ་སྣང་དེའི་དབང་དུ་འགྲོ་མི་ཉན་པ་རང་གིས་རང་ལ་དྲན་སྐུལ་གནང་རོགས། གལ་ཏེ་ཁྱེད་རང་སྐྱོ་སྣང་གི་རྗེས་འདེད་པ་ཞིག་གྱུར་སོང་བ་ཡིན་ན། སྐྱོ་སྣང་ཕྲན་བུ་ཞིག་གིས་ཀྱང་ཁྱེད་རང་གི་དོན་ལྔ་སྣོད་དྲུག་ཕྱིར་དེད་ཡོང་ངེས་ཡིན།
ཉིན་མོར་ཟླ་འོད་ཤར་ཀྱང་མཐོང་མི་ཐུབ་པ་ཇི་བཞིན། སྐྱོ་སྣང་གི་དུས་སུ་ཉམས་མ་བཞག་པ་ལས་བདེ་སྐྱིད་ནི་ཕྱོགས་གང་ས་ནས་བལྟས་ཀྱང་མང་པོ་ཞིག་འུ་ཅག་ལ་འབྲལ་མེད་དུ་གནས་ཡོད་སྲིད། དཔེར་ན། འཇིག་རྟེན་ན་བཀའ་དྲིན་གཞལ་ཐབས་བྲལ་བའི་ཕ་ལགས་འདས་པས་སྐྱོ་གདུང་བཟོད་གླགས་བྲལ་ན་ཡང་། བྱམས་ལྡན་གྱི་ཨ་མའི་དྲོད་ཁོལ་ལྡན་ན་དེ་ནི་བདེ་སྐྱིད་ཡིན་ལ། འཚོ་བའི་ཕམ་ཉེས་གང་ཞིག་གིས་མནར་ཏེ་སེམས་པ་སྐྱོ་བར་འགྱུར་དུས། ཞལ་འཇམ་གཤིས་ཡག་གི་སྙིང་ཉེ་ཡོང་ནས་སེམས་གསོ་གནང་ན་དེ་ཡང་བདེ་སྐྱིད་ཡིན་ངེས། སྐབས་རེར་སེམས་པ་མི་སྐྱིད་པའི་སྐྱོ་སྣང་ཞིག་གིས་ཡོངས་སུ་གཙེས་ན་ཡང་། ཚ་ན་ཅི་ཡང་མེད་པའི་ཤ་ཁྲག་གདོས་བཅས་ཀྱི་ཕུང་པོ་ཞིག་ཡོད་ན་ཕྱོགས་གཞན་ཞིག་ནས་བལྟས་ན་བདེ་སྐྱིད་དང་ལྡན་པ་ཞིག་ཀྱང་ཡིན་ནོ།།
བདེ་སྐྱིད་ནི་སིམ་སིམ་གྱིས་ལྡང་གིན་པའི་རླུང་བུ་ཞིག་དང་འདྲ་བར་མཐོང་རྒྱུ་མེད་ལ། བས་མཐའི་ཚལ་ན་བཞད་པའི་མཚམས་སྤྲིན་མཛེས་པོ་ཇི་བཞིན་རེག་ཏུའང་དེ་བས་མེད། མདོར་བསྡུས་ན་བདེ་སྐྱིད་ནི་ཚོར་བ་ཅིག་ཡིན། གདོས་བཅས་ཀྱི་གཟུགས་ཕུང་འདིར་གནས་པའི་ཚོར་འདུ་ཡིད་བདེ་ཞིག་ཡིན། ཁྱོད་ཀྱིས་བདེ་སྐྱིད་ཐག་རིང་ལ་འཚོལ་དུ་མ་འགྲོ། བདེ་སྐྱིད་ནི་གུ་ཡངས་དང་ལྷིང་འཇགས་བར་དུ་ཡོད་ལ། མཛའ་བརྩེ་དང་ཆོག་ཤེས་གསེབ་ན་གནས་ཡོད། ཁྱོད་ཀྱིས་བདེ་སྐྱིད་ནི་འབྱོར་བ་ཆེན་པོ་ཞིག་ལྡན་པ་ལ་གོ་བཞིན་ཡོད་སྲིད་མོད། དེ་ནི་ནོར་འཁྲུལ་ཆེ་ཤོས་ཤིག་ཡིན། རྫ་དཔའ་སྤྲུལ་རིན་པོ་ཆེས། “རྒྱུ་རྟ་ཞིག་ཡོད་ན་སྡུག་རྟ་འདྲ་ཞིག་ཡོད།” ཅེས་གསུངས་པ་བཞིན་འབྱོར་བ་ཅི་ཙམ་ཆེ་ན་འདོད་རྔམས་དང་སྡུག་བསྔལ་དེ་ཙམ་ཆེ་བ་འབྱོར་ལྡན་རྣམས་ལའང་དྲིས་དང་ཧ་གོ་ནུས། ཁྱེད་རང་འབྱོར་ལྡན་ཞིག་འགྱུར་པར་འདོད་པ་ནི་མདོས་བསྡུས་ན་འབྱོར་ལྡན་རྣམས་ལ་ཡོད་པའི་སྡུག་བསྔལ་དེ་མྱོང་བར་འདོད་པ་ཙམ་ཡིན་ནོ། །
འབྱོར་ལྡན་རྣམས་ལ་དབུལ་པོ་ལས་ཀྱང་སྡུག་བསྔལ་ཧ་ཅང་མང་བ་ཡིན་ཏེ། ཁོང་ཅག་ལ་སྒོར་མོ་ཁྲི་དགུ་ཡོད་ཀྱང་བཀོལ་སྤྱོད་གཏོང་མི་བྲ་བར་སེར་སྣ་བྱེད་ཀྱིན་སྒོར་ཁྲི་བཅུའི་ཁར་བུད་མི་ཐུབ་པའི་སྡུག་བསྔལ་ཡོད་ལ། དབུལ་པོ་རྣམས་ལ་དེ་འདྲའི་སྡུག་བསྔལ་མེད། འབྱོར་ལྡན་རྣམས་ལ་སྒོར་ཁྲི་འགའ་བྱིན་ནས་ཉོས་པའི་ལག་འདོགས་ཆུ་ཚོད་ཅིག་ཡོད་ཀྱང་དུས་ཡུན་རིང་ཙམ་བཏགས་རྗེས། ཁོ་ཚོས་དུས་ཚོད་དེ་ནི་འདོགས་ཡུན་རིང་བས་གཞན་གྱིས་དེ་ལས་ལྷག་ཅིག་བརྗེ་ཐུབ་ཀྱིན་མི་འདུག་སྙམ་པའི་དོགས་པ་རྒྱུན་པར་བྱུང་ནས་སེམས་ལ་སྡུག་བསྔལ་ཡོད་ལ། དབུལ་པོ་རྣམ་པ་དེ་འདྲའི་སྡུག་བསྔལ་མེད་པར་གསོལ་སྟོན་ཞིག་ལ་འགྲོ་དགོས་དུས་གཞན་ལ་ལྭ་བ་གསར་པ་ཞིག་གཡར་ནས་སོང་ན་ཡང་འབྱོར་ལྡན་རྣམས་ལ་ཡོད་པའི་སྣང་དོགས་དེ་འདྲ་མེད་པར་དགའ་དགའ་སྤྲོ་སྤྲོ་བྱས་ནས་འགྲོ་བ་ཡིན། མདོར་ན་འབྱོར་ལྡན་རྣམས་ལ་ཁང་བརྩེགས་མཐོན་པོ་དང་། རླངས་འཁོར་རྫིག་པོ། སྒོར་མོ་འབོར་ཆེན། ལྭ་བ་གོང་ཆེན་སོགས་ཡོད་ན་ཡང་དེ་དག་འཆོར་བར་དོགས་པའི་སྡུག་བསྔལ་དང་དེ་ལས་ལྷག་ཅིག་འཐོབ་འདོད་ཀྱི་རྔམས་པ་སོགས་ཀྱི་སྡུག་བསྔལ་ཧ་ཅང་ཆེ་བ་ཡིན། ཁྱེད་རང་འབྱོར་ལྡན་ཞིག་ཏུ་འགྱུར་འདོད་པ་ནི་གོང་གི་སྡུག་བསྔལ་དེ་དག་འཐོབ་པར་འདོད་པ་ཙམ་ཡིན་ནོ། །
རྒྱལ་སྲས་ཆེན་པོ་ཞི་བ་ལྷས། “རིང་ན་གནས་པ་ཐམས་ཅད་ནི།།ཀུན་གྱི་ཡིད་དུ་འོང་བ་ཡིན།།”ཞེས་གསུངས་པ་བཞིན། འུ་ཅག་མཐོ་དམན་མེད་པར་རང་ཉིད་ལ་ཅི་ཞིག་ཡོད་པ་དེར་གཅེས་སྤྲས་དང་དེའི་མཛེས་སྡུག་མི་མཐོང་བར་རང་དང་ཁ་ཐག་རིང་བའི་ཡོ་བྱད་དམ། འཐོབ་པར་དཀའ་བའི་བྱ་དངོས་ལ་དགའ་བ་ནི་སྐྱེ་བོ་ཕལ་ཆེ་བའི་ཁྱད་ཆོས་ཡིན་ངེས། དེའི་ཕྱིར་འུ་ཅག་གིས་ནང་སེམས་ནམ་མཁའ་བཞིན་གུ་ཡངས་པོ་བྱས་ཏེ་རང་ཉིད་ལ་གང་ཞིག་ཡོད་པ་དེར་གཅེས་སྤྲས་དང་ཚིམ་པར་བྱས་ན་ནང་སེམས་ལ་སྔར་མེད་ཀྱི་བདེ་སྐྱིད་དང་ཉ་ཉོག་མང་བའི་སྡུག་བསྔལ་མང་པོ་ཞིག་ལས་བརྒལ་ཐུབ་པ་ཡིན་ལ། དོན་དམ་པར་འཇིག་རྟེན་གྱི་བདེ་སྐྱིད་ཀྱང་རྙེད་ཐུབ་པ་ཡིན་ནོ།།
༼ ཚོར་སྦྲང་། ༽
