སྤྱི་ཟླ5པའི་ཚེས20ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་དར་མདོ་རུ་ཀྲུང་ཧྭ་མཉམ་འབྲེལ་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཞའོ་པིན་དང་བཅས་པར་ཐུག་འཕྲད་གནང་བ་རེད། དབྱང་ཧུང་ཧྲོའུ་ཡིས་ཀྲང་ཞའོ་པིན་དང་བཅས་པ་ལ་དགའ་བསུ་ཞུས་པ་དང་ཀྲུང་ཧྭ་རྒྱུ་ནོར་འགན་བཅོལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་འཛུགས་པའི་ལོ་ཡིན་པ་དང་། དཀར་མཛེས་ཁུལ་བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་བྱེད་པའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད་པས་དངུལ་རྩའི་འགན་བཅོལ་གྱི་འདེགས་སྐྱོར་ཤུགས་ཆེན་དགོས་ལ་འགན་བཅོལ་བྱ་གཞག་ལ་འཕེལ་རྒྱས་ཀྱི་བར་མཐོངས་རྒྱ་ཆེན་པོ་མཁོ་འདོན་ཡང་བྱས་ཡོད། དཀར་མཛེས་ཁུལ་གྱིས་དངུལ་རྩའི་ཚོང་གཉེར་ཁོར་ཡུག་མུ་མཐུད་དེ་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་དང་ལས་རིགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། ལྟ་སྐུལ་དོ་དམ་ཞབས་ཞུའི་འགན་འཁྲི་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ་ཁུལ་ཁོངས་ཀྱི་འགན་བཅོལ་ཁེ་ལས་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུར་ཤུགས་ཡོད་རྒུས་བསྐུལ་དགོས། ཀྲུང་ཧྭ་རྒྱུ་ནོར་འགན་བཅོལ་སི་ཁྲོན་ཡན་ལག་སྤྱི་གཉེར་ཁང་གིས་གཞུང་ཁོངས་འགན་བཅོལ་ཁེ་ལས་ཀྱི་ཁྱད་ཆོས་འདོན་སྤེལ་གང་ལེགས་བྱས་ཏེ་ས་གནས་འཕེལ་རྒྱས་དང་མཉམ་འདྲེས་ཡང་དག་པ་བྱེད་པ་དང་། ཀུན་ཕན་དངུལ་རྩ་ཡོངས་སུ་ཁྱབ་པ། མཐོ་སྒང་གི་ཁྱད་ཆོས་ལ་བརྟེན་ནས་ཞིང་ལས་འགན་བཅོལ་དང་དམངས་འཚོའི་འཚོ་སྐྱོང་ཞབས་སྐྱོར་འགན་ལེན་སོགས་ཁྱབ་ཁོངས་སུ་ཐོན་རྫས་གསར་པ་འདོན་སྤྲོད་བྱ་རྒྱུ་དང་། དེ་དང་ཆབས་ཅིག་ནུས་ལྡན་ཐོན་ལས་རིམ་སྤོར་བྱས་ནས་ཡུལ་སྡེ་དར་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོང་། སྤྱི་ཕན་རོགས་སྐྱོར་སོགས་གཙོ་གནད་ལས་དོན་ལ་དམིགས་ཏེ་རྣམ་པ་ཅན་གྱི་ཉེར་སྤྱོད་ཞབས་ཞུ་ཡང་དག་པ་བྱས་ནས་སྲིད་གཞུང་དང་ཁེ་ལས་གཉིས་ཕན་མཉམ་ཁེ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་རྣམ་པ་གསར་པ་ཞིག་འཛུགས་སྐྱོང་བྱ་དགོས། ཀྲང་ཞའོ་པིན་གྱིས་ཁེ་ལས་གཉེར་སྐྱོང་འཕེལ་རྒྱས་དང་དཀར་མཛེས་ཁུལ་དུ་ལས་སྒོ་སྤེལ་ཚུལ་ངོ་སྤྲོད་གནང་བ་དང་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་སྤྱི་གཉེར་ཁང་གིས“དཀར་མཛེས་ཁུལ་དུ་རྩ་བ་ཚུགས་པ་དང་། དཀར་མཛེས་ཁུལ་ལ་ཞབས་ཞུ། དཀར་མཛེས་ཁུལ་ལ་བྱས་རྗེས་འབུལ་བ”བཅས་ཀྱི་ཐོག་མའི་བསམ་འདུན་ཐོག་མཐའ་བར་གསུམ་དུ་བརྟན་པོར་འཆང་ཞིང་དཀར་མཛེས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་དམ་པོར་དམིགས་ཏེ་དེ་བས་བརྟན་པའི་ཆོད་སེམས་དང་། དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས། དེ་བས་སྤུས་ལེགས་ཀྱི་ཞབས་ཞུ་བཅས་ལ་བརྟེན་ནས་དམངས་འཚོ་འགན་ལེན་མཐར་ཕྱིན་པ་བྱེད་པ་དང་དངོས་ཚན་དཔལ་འབྱོར་གྱི་ནུས་པ་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བར་བྱས་རྗེས་དེ་བས་ཆེན་པོ་གཞག་དགོས་ཞེས་བསྟན།།
( ལྷ་འཛོམས་ཀྱིས་བསྒྱུར།)
