国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ལི་ཐང་རྫོང་གིས་ཐབས་བརྒྱ་ཇུས་སྟོང་གིས་ཆུ་ལོག་སྔོན་འགོག་དང་ མེ་ཟོན་ཉེན་མེད་ཀྱི་སྲུང་རགས་བརྟན་པོ་བསྐྲུན།

8265_02B_20260520ལི་ཐང་རྫོང་གིས་ཆུ་ལོག་སྔོན་འགོག་དང་མང་ཚོགས་ཁ་འགྲེམ་གྱི་གྲབས་སྦྱོང་གི་ཡུལ་དངོས།

ཆར་ཆུ་མང་བའི་དུས་སྐབས་སླེབས་པ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་སྲུང་ཏན་ཏིག་བྱ་ཆེད། ལི་ཐང་རྫོང་གིས་སྔ་ཙམ་བཀོད་སྒྲིག་དང་། ཁེར་བཤེར་ཞིབ་ཚགས། ནང་སྦྱོང་ལེགས་པོ། གསོ་སྦྱོང་དངོས་བཅས་ལ་གཞི་ཚུགས་ཏེ་ཆུ་བེད་དང་། ནགས་ཚལ་དང་རྩྭ་ཐང་། སྤྱི་བདེ། འཕྲོད་བསྟེན་སོགས་སྡེ་ཚན་དང་དེ་བཞིན་ཡུལ་ཤོག་དང་གྲོང་རྡལ། ཨར་ལས་ཁེ་ལས་བཅས་སྒྲིག་འཛུགས་བྱས་ནས་ཕྱོགས་ཡོངས་ནས་ཆུ་ལོག་སྔོན་འགོག་གནོད་སྙུང་ལས་དོན་བསྒྲུབས་ཏེ་ཤུགས་ཡོད་རྒུས་ཆར་ཆུ་རྒྱས་དུས་ཀྱི་ཉེན་མེད་འགོག་སྲུང་བརྟན་པོ་བྱས།

ཉེ་ཆར། ལི་ཐང་རྫོང་གིས་འབྲུབ་འགོག་མེ་ཟོན་གྱི་ཕྱོགས་བསྡུས་འཚུབ་བསྟུན་ནང་སྦྱོང་ཐེངས་ཤིག་སྤེལ་བ་རེད། དུས་ཚོད་ཐུང་ངུའི་ནང་ཆར་པ་དྲག་པོ་བབས་ནས་ཆུ་ལམ་གྱི་ཆུ་རྒྱས་པ་ཡང་ན་ཐོག་བརྒྱབ་ནས་ནགས་ཚལ་མེ་ཤོར་བའི་རྙོག་འཛིང་ཆེ་བའི་གནས་ཚུལ་བུད་ཁུལ་བྱས་ནས་ནང་སྦྱོང་སྤེལ་ཏེ། ཆུ་ལོག་སྔོན་འགོག་ཐད་འཚུབ་བསྟུན་བཀོད་འདོམས་པུའུ་ཡིས་མགྱོགས་མྱུར་དང་ལེན་བྱས་པ་དང་། འཚུབ་བསྟུན་ཚོ་ཆུང་ཁག་མགྱོགས་མྱུར་གྱིས་བསྡུས་ཏེ་གོ་རིམ་ལྡན་པའི་ངང་མང་ཚོགས་དང་ཨར་ལས་མི་སྣ་སྒྲིག་འཛུགས་བྱས་ནས་སྔོན་ནས་གཏན་ཁེལ་བྱས་པའི་ལམ་ཐིག་ལྟར་ཕྱིར་འཐེན་བྱས་པ་དང་། དུས་མཚུངས་སུ་བྱེ་ཁུག་གིས་ཆུ་བཀག་པ་དང་། གབ་ཉེན་གྱི་གནས་ཚུལ་ཁེར་བཤེར་བྱས་པ། རྨས་མ་སྐྱོབ་བཅོས་སོགས་ཀྱི་ནང་དོན་ཚུད་ཡོད། མེ་འགོག་ཐད་ལས་དོན་མི་སྣས་ཡུལ་དངོས་སུ་རླུང་ཤུགས་མེ་གསོད་འཕྲུལ་ཆས་དང་མཐོ་གནོན་ཆུ་འཐེན་འཕྲུལ་ཆས་སོགས་སྒྲིག་ཆས་བཀོལ་སྤྱོད་བྱེད་སྟངས་གསལ་སྟོན་བྱས་པ་དང་། ནགས་སྲུང་མི་སྣ་དང་འཚུབ་བསྟུན་ཡན་ལག་རུ་ཁག་མཉམ་ལས་ཀྱིས་སྒོས་མེ་གསོད་པའི་ནུས་པ་ཆེན་པོ་ཐོབ་པའི་ནང་སྦྱོང་སྤེལ་ཡོད།

ད་དུང་། དཔོན་སྐོར་ཡུལ་ཤོག་དང་གྱང་པ་གྲོང་རྡལ། སྣ་པོ་གྲོང་རྡལ་སོགས་ཡུལ་ཤོག་དང་གྲོང་རྡལ་གྱིས་ལས་བྱེད་པ་དང་སྨན་དོན་མི་སྣ། གྲོང་སྡེའི་ལས་བྱེད་པ། རོང་འབྲོག་མང་ཚོགས་བཅས་སྒྲིག་འཛུགས་བྱས་ནས་ཆར་ཆུ་རྒྱས་དུས་ཀྱི་ཉེན་མེད་འགོག་སྲུང་གི་ནང་སྦྱོང་སྤེལ། ནང་སྦྱོང་གི་ནང་དོན་ཐད་དྲག་ཆར་བབས་ནས་ཆུ་ལོག་དང་འདམ་རུད་བྱུང་ཁུལ་བྱས་ནས་ལྟ་ཞིབ་ཚད་ལེན་པས་དུས་ཐོག་ཏུ་ཉེན་བརྡ་བཏང་བ་དང་ཚོ་ཆུང་ཁག་གིས་ནུས་ཆེའི་མཉམ་འགུལ་བྱས་ཏེ་མང་ཚོགས་གནས་སྤོ་པ་དང་། ཉེན་ཁའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ། རྨས་མ་སྐྱོབ་བཅོས་སོགས་ཀྱི་ནང་དོན་ཚང་བའི་ནང་སྦྱོང་སྤེལ་བ་དང་། ཡུལ་དངོས་སུ། ལས་དོན་མི་སྣས་མང་ཚོགས་ལ་ཆར་ཆུ་རྒྱས་དུས་ཀྱི་དྲག་ཆར་དང་འདམ་རུད་སོགས་སྔོན་འགོག་བྱེད་སྟངས་འགྲེལ་བཤད་བྱས་པས་དེར་འདུས་ཀྱི་རོང་འབྲོག་མང་ཚོགས་ཚོས་དགའ་བསུ་ཆེན་པོ་བྱས་ཡོད།

རྗེས་མ། ལི་ཐང་རྫོང་གིས་འཚུབ་བསྟུན་སྔོན་ཇུས་མུ་མཐུད་དེ་འཐུས་ཚང་དུ་བཏང་ནས་ཨར་ལས་སྒར་ས་དང་། གཤོང་ཁུལ། ནགས་མཐའི་ས་ཁུལ་བཅས་ལ་སྐོར་ཞིབ་བྱ་རྒྱུར་ཤུགས་བརྒྱབ་ནས་ཉེན་ཁའི་གནས་ཚུལ་ཐོན་སྐབས་ཁ་གཏད་གཅོག་པའི་མི་ཤུགས་ཡོད་པ་དང་། སྒྲུབ་ཕོད་པ། རྒྱལ་ཐུབ་པ་བཅས་ཀྱི་འགན་ལེན་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་འགན་སྲུང་བྱ་རྒྱུ་ཡིན་པ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)