༡
མཚོ་མར་ཁུའི་ནང་གི་གསེར་ཉ་ཁྱོད།།
མཚོ་ཕ་མཐའ་ཡངས་ན་རྩེན་ཡ་ཡིན།།
ཆུ་གཙང་པོ་བདུད་རྩིའི་མངར་ཁ་ཅན།།
ལུས་བརླན་ཤ་ཅན་པོས་ཁྱོད་རང་སྲུང་།།
ཁྱོད་ཚེ་ཐག་ཆུ་ལས་རིང་རྒྱུ་བོ།།
མཚོ་མར་ཁུའི་ནང་ནས་བདེ་བར་བཞུགས།།
ཁྱོད་མཚོ་མོའི་གཡང་གི་སྒོ་ཟོག་ཡིན།།
༢
དགོང་ཉི་ཟླའི་བར་གྱི་རྒོད་པོ་ཁྱོད།།
རླུང་སྤུ་གྲིའི་ནང་གི་མདའ་མོ་ཡིན།།
སེམས་ཕ་མཐའ་ཡངས་པའི་དབང་སྔོན་ཅན།།
སྤྲིན་བང་རིམ་དཀྱིལ་ནས་ཁྱོད་རང་སྲུང་།།
ཁྱོད་ཚེ་རིང་གནམ་གྱིས་བསྲུང་རྒྱུ་བོ།།
དགོང་ཉི་ཟླའི་བར་ནས་བདེ་བར་བཞུགས།།
ཁྱོད་གཡུ་འབྲུག་སྔོན་མོའི་སྲུང་འཁོར་ཡིན།།
༣
སྐྲ་ལན་བུའི་བར་གྱི་གཡུ་ཆུང་ཁྱོད།།
ཆུང་སྣང་བ་མཐུན་པའི་དྲན་ཤིང་ཡིན།།
སང་བག་འགྲོ་སྨན་ཤར་གཅེས་ཡག་མ།།
ཞེ་ཁ་ཚིག་བར་ནས་ཁྱོད་རང་སྲུང་།།
ཁྱོད་ཚེ་རིང་གནམ་གྱིས་བསྲུང་རྒྱུ་བོ།།
སྐྲ་ལན་བུའི་བར་ནས་བདེ་བར་བཞུགས།།
ཁྱོད་སྐལ་བ་གཅིག་གི་དྲན་པ་ཡིན།།
༤
རྟ་འདོ་བའི་གོང་གི་སྟག་ཤར་ཁྱོད།།
རུ་སྡེ་བ་སྐྱིད་ཀྱི་ཁ་རྒྱན་ཡིན།།
ཕ་ཨ་ཁུ་ཁ་བསོད་དབང་ཐང་ཅན།།
བློ་ཡག་ཉེས་མ་བྱེད་ཁྱོད་རང་སྲུང་།།
ཁྱོད་ཚེ་རིང་གནམ་གྱིས་བསྲུང་རྒྱུ་བོ།།
རྟ་འདོ་བའི་གོང་ནས་བདེ་བར་བཞུགས།།
ཁྱོད་རུ་སྡེ་ཞིག་གི་རླུང་རྟ་ཡིན།།
༼ གཡེར་མ། ༽
