རི་འགོར་སྨུག་སྤྲིན་ལང་ལོང་འཁྲིགས་དང་ལྷན།།
སྦྲང་ཆར་ཟམ་ཟིམ་འཇོ་བའི་དུས་དང་བསྟུན།།
རྒྱང་རིང་ཡུལ་དུ་སེམས་པ་ཕྱོགས་དོན་ཡང་།།
ཨ་མའི་བྱམས་བརྩེ་དྲན་དང་ཆབས་ཅིག་ཏུ།།
འཛུམ་གྱི་དྭངས་མ་དྲན་བཞིན་ཡིད་སེམས་སྨྲེང་།།
སྨྲེང་བའི་མིག་ཆུ་བཞུར་འདོད་ཆེ་ན་ཡང་།།
རང་སེམས་རང་གིས་གསོ་བའི་གླུ་ཞིག་ལེན།།
གླུ་འདི་མིང་དང་ཡི་གེའི་གཟུགས་སུ་ཕབ །།
དཔྱིད་དཔལ་བཞད་པའི་སྐལ་བཟང་ཚེས་སོང་ཞེས།།
མི་རྣམས་ཕལ་ཆེར་རྩེད་འཇོའི་ལས་ལ་བྲེལ།།
མཐའ་ན་བྱ་བྱེའུ་དག་ཀྱང་གང་སར་འཁྱམས།།
འོན་ཀྱང་དེ་ལས་ལྡོག་སྟེ་བཤད་ཙ་ན།།
ཆུ་ཕྲན་ཆུང་ཆུང་དེ་ཡི་འགྲམ་ངོགས་སུ།།
གཅིག་པུར་ལུས་པའི་ཁེར་རྐྱང་བུ་ལོ་ང་།།
དབྱངས་གསལ་འཇའ་ཚོན་འཚོལ་བའི་རྨི་ལམ་ལ།།
ཡང་ཡང་བལྟས་ཤིང་འཁྲུལ་བའི་ནང་དུ་ཚུད།།
རེ་བའི་འོད་སྣང་རེ་ལ་སེམས་ཤོར་ནས།།
སྨོན་འདུན་བཟང་པོ་རེ་རེས་མདུན་བསུས་ཏེ།།
སྟོང་བསམ་འཁོར་ལོ་ལག་པས་ཡང་ཡང་བསྐོར།།
སྨུག་སྤྲིན་འཐིབས་པས་ས་གཞི་རབ་རིབ་གྱུར།།
གསལ་མདངས་མེད་པའི་གནམ་གཤིས་འཇམ་པོ་དེས།
རྒྱང་རིང་ཕྱོགས་པའི་སེམས་པ་གདུང་བས་མནར།།
དྲན་པའི་མེ་ལོང་ནང་དུ་གཟུགས་ཤིག་བྲིས།།
དྲིན་ལྡན་མ་ལོའི་བྱམས་དང་བརྩེ་བ་དྲན།།
ལྷག་བསམ་དྲིན་གྱིས་བསྐྱངས་བའི་ཚུལ་ཡང་དྲན།།
དྲན་བཞིན་རྒྱང་རིང་ཡུལ་ནས་མགུར་ཞིག་བླངས།།
བས་མཐའི་དགའ་ཚལ་འགྲིམ་པའི་བུ་ཆུང་ང་།།
ཁེར་རྐྱང་རི་ལུང་འཁྱམས་པའི་སྣང་ཚུལ་འདི།།
བྱ་སྤུ་རླུང་གིས་བདས་པ་ཇི་བཞིན་དུ།།
ངེས་བརྟན་མེད་ཀྱང་ཕུགས་བསམ་འཚོལ་བ་ཡིན།།
རྣམ་ཤེས་འཇིག་རྟེན་གཞན་དུ་མ་སོང་བར།།
རིག་པའི་གཞུང་ལུགས་དག་ལ་འཆད་ཉན་གྱིས།།
འདུན་མའི་སེམས་འདི་གཏན་ནས་འབོར་མི་སྲིད།།
དེ་རིང་ཞོགས་པར་ཁུ་བྱུག་དབྱངས་རྟ་ཐོས།།
དབྱངས་འདིས་དྲན་གདུང་ཞིག་ཀྱང་མཚོན་པ་འདྲ།།
སྐྱི་སེར་རླུང་བུ་དལ་གྱིས་ལྡང་དང་ལྷན།།
བརྩེ་བའི་བདག་མོ་ཨ་མའི་བྱམས་བརྩེ་དྲན།།
འུ་གཉིས་ཕུགས་བསམ་བཟང་པོ་དེ་ཡི་ཆེད།།
ང་ཡིས་བརྩོན་པའི་འབད་འབུངས་བྱས་པ་ཡིས།།
ལུས་སེམས་གཉིས་ཀྱང་ངལ་བའི་ཚོད་དུ་བསླེབས།།
རེ་འབྲས་མངོན་འགྱུར་བྱུང་མིན་བཤད་ཀྱང་དཀའ།།
བརྩོན་པ་ཆུ་བོའི་བཞུར་རྒྱུན་མ་ཆད་ན།།
རེ་བའི་མེ་ཏོག་འཁྲུང་བར་ཡིད་གཏད་ནས།།
གང་ནུས་གང་ལྕོགས་བྱས་པའི་ཚུལ་འདི་ཡིན།།
བདག་གི་འགྲམ་དུ་མེ་ཏོག་སྣ་ཚོགས་བཞད།།
ཆུ་བོའི་བཞུར་སྒྲ་སྙན་མོ་སེམས་ཀྱིས་ཐོས།།
ཨ་མའི་ཞལ་གསུང་དྲན་བཞིན་སྐྱོ་བཞིན་དུ།།
ང་ཡིས་སྙན་ངག་ཆུ་བོའི་ནང་དུ་བསྐུར།།
རླུང་དང་སྤྲིན་པའི་འཁྲིས་སུ་སྤུངས་པ་དང་།།
རྒྱང་རིང་ཡུལ་དུ་སྐད་ཅིག་བསྐུར་སྙིང་འདོད།།
ཕུགས་བསམ་འཚོལ་བའི་གཞོན་ནུ་ཁེར་རྐྱང་ང་།།
བདེ་ཞིང་སྐྱིད་པོ་ཡིན་ཞེས་ལབ་འདོད་བྱུང་།།
༼ རྫ་ཤུལ་བློ་བཟང་། ༽
