ཧ་ནེས། འུ་གཉིས་ཕན་ཚུན་ངོ་ཤེས་པའི་ལོ་ངོ་གསུམ་དང་ཕྱེད་ཀྱི་རིང་ལ་ཁྱོད་ནི་ངའི་ནང་སེམས་ཀྱི་སྒེའུ་ཁུང་ངོགས་སུ་ཟླ་བ་བཞིན་ཞི་འཇམ་གྱིས་ཤར་ཏེ། ང་ལ་ཀུ་རེའམ་རྩེད་མཚར་གྱི་སེམས་ཀྱི་སྐད་ཆ་རྒྱུན་པར་བརྗོད་པ་ནི་ངས་ནམ་ཡང་བརྗེད་མི་སྲིད། ངས་ཁྱོད་ལ་བཀའ་དྲིན་ཆེ་ཞུ་འདོད། དེ་ནི་ངའི་ནང་སེམས་སྟོང་ཆ་ལ་ལྷད་མེད་པའི་མཛེས་སྡུག་གི་བརྩེ་བ་སྤྲོད་སྟངས་ལེགས་ཤོས་དེ་ཡིན་སྙམ། ཧ་ནེས་ཞེས་པ་ནི་ངས་ཁྱོད་ལ་གཅེས་མིང་ཞིག་གི་ཚབ་ཏུ་གསར་དུ་བཏགས་པའི་མིང་ཞིག་ཡིན། གཉིད་མི་ཁུག་པའི་མཚན་མོ་འདིར། ངས་ཁྱོད་ལ་འཕྲིན་ཡིག་ཅིག་འབྲི་འདོད་བྱུང་། དེ་ནི་གནའ་མིའི་གཏམ་དཔེར་ལུས་ན་ན་མྱོང་འདོད། སེམས་ན་ན་བཤད་འདོད།ཅེས་པ་རེད་སྙམ། དང་ཐོག་ངས་ཁྱོད་ངོ་ཤེས་ནས་ད་རག་བར་དུ་འུ་གཉིས་ཕན་ཚུན་ལ་སྐད་ཆ་མང་པོ་ཞིག་སྦ་གསང་མེད་པར་རྩེད་མཚར་གྱིས་ཕན་ཚུན་སེམས་སུ་བྲིས་པ་ཡིན། ད་བར་ངས་ཁྱོད་རང་ཞེ་རྨིས་བྱས་ནས་དེ་དག་ཕྱི་དྲན་བྱས་ན་ངའི་ཡ་ཆུང་གི་སེམས་པ་དྲོད་ལམ་ལམ་བཏང་བྱུང་། སྐབས་རེར་ངའི་སེམས་ཀྱི་བརྩེ་དུང་གནོན་མ་ཐུབ་པར། ངས་ཁྱོད་བློར་བབས་ཀི་ཟེར་འདོད་རུང་ངའི་མགྲིན་པ་བརྣངས་ནས་གསལ་པོ་བརྗོད་མ་ཐུབ་པས་ངས་རྩེད་མཚར་གྱི་ལམ་ནས་བཤད་པ་ཡིན། ཁྱོད་ཀྱིས་དང་ལེན་གྱི་འཕྲིན་ལན་གནང་མ་བྱུང་། གང་ལྟར་ཁྱོད་ནི་ངའི་མི་ཚེ་འདིར་ངོ་ཤེས་པའི་གཤིས་ཀ་བལ་ལྟར་འཇམ་པའི་བུད་མེད་ཐོག་མ་ཡིན། ཁྱོད་ནི་བརྩེ་དུང་ལ་ཕུ་ཐག་ཡོད་པའི་བུ་མོ་རྣམ་དག་ཅིག་ཡིན་པས་ང་ཁྱོད་ལ་འདང་ཆེ། ད་བར་ངས་ཁྱོད་ལ་འདི་བྲིས་ན་མི་འགྲིག་པ་ཤེས་མོད། སྐབས་རེར་ངས་ཁྱོད་ལ་ཁ་པར་རེ་གཏང་ཐུབ་པ་བྱུང་ན་ཕན་ཚུན་ལ་བདེ་འཚམས་ཞུས་པ་ཡིན། ཁྱོད་ཀྱིས་ང་ལ་ད་བར་ཁྱོད་ཀྱི་འཚོ་བ་ལ་དཀའ་ཁག་ཡོད་དམ། ངས་མི་སྐྱོན་གི་ཟེར་བ་ཡིན། ཁྱོད་ཀྱིས་ང་ལ་ཁྱོད་ལ་ཕྱོགས་གང་ནས་གནོན་ཤུགས་ཡོད་རྒྱུ་རེད། ངས་ཁྱོད་ལ་སྒོར་མོ་སྐུར་ཡོང་ཟེར། ཁྱོད་ཀྱིས་རོགས་ཐུབ་པ་ཡོད་ན་ཤོད་ཟེར། ངས་ཀྱང་བཀའ་དྲིན་ཆེ་ཞུས་པ་ཡིན། ད་བར་ངས་འདང་ཞིག་རྒྱབ་ན་རང་ཉིད་ལ་ཧ་ཅང་ཆ་རྒྱུས་ཡོད་པའི་ཁྱོད་དང་གཞི་གཅིག་ཏུ་མཉམ་འཛོམས་ཀྱི་བསྐལ་བ་མ་ལྡན་པ་དེ་ནི་ངའི་སེམས་ཀྱི་ནད་ཅིག་རེད། བོད་ཀྱི་སྙན་ངག་པ་སེང་རྡོར་གྱི་གླུ་ཚིག་ཅིག་ཏུ་ལས་དབང་བསམ་ནག་ཨེ་རེད།། ཁ་ཡིག་བསྐོར་ལོག་ཨེ་རེད།།ཅེས་པ་གླུ་ཚིག་དེ་ཝ་ལེར་་ཡིད་ལ་འཁོར་ན་ངོ་མ་བདེན་གི་སྙམ།
ངེད་གཉིས་ཕན་ཚུན་ངོ་ཤེས་དུས་ནི་སྤྱི་ལོ2021ལོའི་ཟླ་བ་བཅུ་གཅིག་གམ་བཅུ་གཉིས་ནང་ཡིན་པ་འདྲ། གང་ལྟར་དགུན་ལ་ལྷགས་པ་ཆེ་ཞིང་དྭངས་གཙང་གི་ཁ་བ་འབབ་བཞིན་པའི་དུས་ཤིག་རེད། སྐབས་དེར་ང་ནི་ཆུང་དུས་ཀྱི་སློབ་གྲོགས་ཤིག་དང་མཉམ་དུ་གསེར་རྟ་ན་ཡོད། ཉིན་ཞིག་སྙན་ངག་གི་ཕོ་བྲང་ཞེས་པའི་ཚོགས་པ་ཞིག་གི་བཤེར་རིས་རྩོམ་གྲོགས་ཤིག་གིས་ང་ལ་བསྐུར་ཡོང་ཐལ་ཚོགས་པ་དེ་ནང་ང་རང་བཞུགས་པ་ཡིན། དེ་ནས་ངས་ཁོ་དང་སྐད་འཕྲིན་བསྣན་པ་ཡིན། ཕྱི་ཉིན་སྔ་དྲོར་སྐད་འཕྲིན་དང་ལེན་བྱས་འདུག། ཐོག་མར་ངས་འཚམས་འདྲི་ཞུས་པ་ཡིན། རིམ་གྱིས་ང་རང་གི་ཕ་ཡུལ་སོགས་ངོ་སྤྲོད་བྱས་པ་ཡིན། ཁྱོད་ཀྱིས་ཕ་ཡུལ་ཆབ་མདོ་ནས་ཡིན་སོགས་ངོ་སྤྲོད་མདོར་བསྡུས་ཙམ་བྱས་སོང་། སྐབས་རེར་ཆབ་མདོའི་སྐད་བཤད་པས། ང་ནི་སྤྱིར་ན་སྐད་རིགས་ཐད་ནས་དམུན་པོ་ཧ་ལས་པ་ཞིག་ཡིན་པས་ངེད་གཉིས་ལབ་གླེང་ཁྲོད་གོ་འཛོལ་འགའ་རེ་བྱས་སོང་སྐབས། བགད་ནས་དེ་ཟེར་བ་མིན་ཟེར་ནས་ཡི་གེ་བྲིས་ནས་བསྐུར་ཡོང་། མཚམས་རེར་ངེད་གཉིས་ཁ་པར་ལམ་ནས་ཤོ་རྡེའུ་འཕངས་ནས་རྩེད་པ་ཡིན། སུ་ཕམ་ན་གླུ་ལེན་རེས་བྱས་པ་ཡིན། ང་རང་ཕམ་སྐབས་ངས་གླུ་ལེན་མི་ཤེས་པས་དེའི་ཚབ་ལ་སྙན་ངག་གྱེར་ཁུལ་བྱས་པ་ཡིན། ཁྱོད་ཀྱིས་པི་ཝང་དང་རྣོ་སྦྲེང་སོགས་བཀྲོལ་ཤེས་པས་གླུ་བླངས་ནས་དགོང་མོའི་དུས་ཚོད་གསུམ་བར་རྩེད་པ་ཡིན། ཁྱོད་སྔ་མོར་དུས་ཚོད་ལྔ་པ་ཡས་མས་ལ་ནམ་རྒྱུན་ཡར་ལངས་ནས་སློབ་སྦྱོང་བྱེད་དུ་འགྲོ་དགོས། ཉིན་རྒྱུན་དེ་འདྲའི་བག་དྲོ་བའི་ངང་ནས་འདུག་ཁོམ་གང་ན་ཡོད། ངེད་གཉིས་རང་རང་ས་ནས་སློབ་སྦྱོང་བྱེད་དགོས་པས་སྐད་ཆ་བཤད་རྒྱུ་ཉུང་ཉུང་དུ་སོང་། ཉིན་ཞིག་ཁྱོད་དཀར་མཛེས་ལ་འབྱོར་ཡོད་ཟེར་ནས་འདྲ་པར་ཞིག་བསྐུར་བྱུང་། དེ་རིང་གསར་དུ་བླངས་པ་ཡིན་ཟེར། གསར་དུ་སྨིན་པའི་ཁམ་བུ་ལྟར་དམར་མདངས་བཀྲ་ལ། སྨིན་མའི་གཞི་རྒྱུད་འོག་གི་མིག་ཟུང་ཆ་གཅིག་གིས་ང་ལ་བལྟས་ཡོད་པ་འདྲ་བའི་འདྲ་པར་དེ་ངོ་མ་ཡག་གི། ངས་ཉར་ཚགས་བྱེད་པ་ཡིན་ཟེར་བ་ཡིན། ཁྱོད་ཀྱིས་ག་ལ་ག་ལ། ང་ལ་ཡག་ཅིག་གང་ན་ཟེར། གཞན་ཚོས་མིག་ནང་ཨེ་ཡག་མི་ཤེས་མོད། གང་ལྟར་ངའི་མིག་ལམ་དུ་ལྷ་ལ་བདུད་རྩི་སྣང་བ་ལྟར་ཁྱོད་རང་སྙིང་རྗེ་ཞིང་ཡིད་དུ་འོང་བའི་འཛུམས་མདངས་མོད་ལ། གཉོམ་དུང་དུང་གི་གཤིས་ཀ་དེས་ངའི་འཇིག་རྟེན་གྱི་རྨི་ལམ་དཀྲོགས་སོང་། ངའི་ཡ་ཆུང་གི་སེམས་པ་བརྐུས་སོང་ཟེར་བ་ཡིན། ཁྱོད་ཀྱིས་ཧེ་ཧེ་ཟེར། དེ་ནས་བཟུང་། འུ་གཉིས་བར་ཐག་ཇེ་ཉེ་ཇེ་ཉེ་རུ་གྱུར། མིག་རྡེབ་འོང་ཙམ་གྱི་ཡུན་ལ། འུ་གཉིས་ངོ་ཤེས་ནས་མི་ལོ་བཞི་ཡས་མས་འགོར་སོང་། ཟང་ཟང་གི་གྲོང་ཁྱེང་དེ་ནས། ད་བར་ངས་ཁྱོད་ལ་སྔོན་ཆད་ལྟར་འབྲེལ་བ་བྱེད་མ་ཐུབ་རུང་ངས་ཁྱོད་རང་བརྗེད་ཀི་མེད། འུ་གཉིས་བརྩེ་བའི་རྒྱ་མཚོ་ནམ་ཡང་འཛད་པ་མེད་པར་སྨོན།
༼ ལྷ་མི་རྒྱལ།༽
