རྩྭ་ཐང་དུ་མེ་ཏོག་བཞད་ཅིང་འབའ་
འབའ་ལུ་གུས་རྩེད་ལྡིང་བྱེད།
ཐུལ་དཀར་འབྲི་མོ་བཞོ་དབྱངས་འཐེན་
ཏེ་འོ་མའི་རྒྱ་མཚོ་འཁྱིལ།
སྟག་ཤར་ཚོས་འདོ་བ་རྟ་ཡིས་རྨིག་བཞི་
རླུང་ལ་བསྐྱོད་དེ་སྣང་བ་རྩོད།
སྨན་ཆུང་ཚོས་ཟུར་མིག་ཁྲ་མོས་གཡེར་
བག་ངོམ་སའི་མཐའ་ཡས་པའི་རྩྭ་ཐང་།
ཕ་ཡུལ།
གཡང་ར་སྒོ་བཞི་ལྷས་ལ་བསྟར་རྗེས་མར་
མེའི་འོད་ཀྱིས་ཁྱིམ་གཞིས་གསལ།
ཀི་གླུ་སྒྲུང་གསུམ་གྱིས་གོ་ཁ་འུར་འུར་
གྱིས་བཀང་ཞིང་ཟས་ལ་མཆོད་ཁ་འཕེན།
ཤ་རྩམ་རྔམ་གྱིས་ཟ་ཞིང་ཆང་དང་ཇ་
ཧུབ་ཀྱིས་འཐུང་སའི་སྦྲ་ནག་གྲུ་བཞི།
ཨ་མྱེ་སྨ་ར་ཅན་ཞིག་གི་རེ་བའི་འདུན་མ་
ཡང་གཞིས་ཀ་འདིར་བཞད་མྱོང་།
ཕ་ཡུལ།
མཁས་པ་བརྒྱ་སྟོང་གི་གླེགས་བམ་ཀོ་བས་
གཡོགས་པའི་སྒམ་ཆུང་ནས་འོད་ཟེར་འཕྲོས།
གྲུབ་མཉེས་རིག་པ་འཛིན་པའི་སྐྱེས་ཆེན་ཚོའི་
འདྲ་སྐུའང་གསེར་དངུལ་གྱིས་ཁ་རྒྱན་བཏགས།
མ་འགྱུར་འགྲོ་བའི་སྐྱིད་སྡུག་ཀྱང་ཐལ་
མོ་སྙིང་ལ་གླན་ཏེ་ལྷ་སྐུ་དེ་དག་ལ་
ཡང་ཡང་བཅོལ།
ཆེས་བློ་དཀར་གཞུང་དྲང་གི་མི་རབས་
ཤིག་སྦྲ་སྒོ་འདི་ནས་ཕྱིའི་འཇིག་རྟེན་ལ་
མཆེད་པ་ཨེ་ཤེས།
ཕ་ཡུལ།
མཛེས་སྡུག་གི་གཙུག་ཏོར་ན་འགྱིང་བའི་
མི་ཡུལ་གྱི་ཞིང་ཁམས།
ནོར་འཛིན་བུ་མོའི་བྲང་གཞུང་ལ་བརྩེ་བའི་
ཐགས་སུ་བཀྲ་བའི་ལྷ་ཡུལ།
བརྩེ་བ་གཏིང་ཟབ་ལ་དུངས་བ་དཔངས་
མཐོ་བའི་ཕ་ཡུལ།
མཛེས་སྡུག་བླ་རུ་འཕགས་པའི་
མི་ཡུལ་གྱི་འཇིག་རྟེན།
༼ ཚུལ་མཁས། ༽
