སྤྱི་ཟླ5པའི་ཚེས22ཉིན། ཁུལ་སྐྱེ་ཁམས་ཁོར་སྲུང་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི། ཁུལ་སྐྱེ་ཁམས་ཁོར་སྲུང་ཨུ་ལྷན་གྱི་ཀྲུའུ་རེན་ཀྲའོ་པོ་གྲོས་ཚོགས་སུ་ཞུགས་ཤིང་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་པ་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་དུ་འཁྱོལ་བ། སྲུང་སྐྱོང་ཆུ་ཚད་མཐོན་པོ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ། བཅོས་སྐྱོང་ལས་ཆོད་མཐོན་པོ་བཅས་གཅིག་གྱུར་འཆར་འགོད་བྱས་ནས་རྨ་འབྲི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་རྒྱུན་མཐུད་ངང་བརྟན་དུ་བཏང་ནས། གནས་མཆོག་དཀར་མཛེས་ཁུལ་གྱི་ནམ་མཁའ་སྔར་ལས་སྔོ་ཞིང་ཆུ་མོ་སྔར་ལས་དྭངས་པ། རི་བོ་སྔར་ལས་སྔོ་ལྗང་ཡོང་གང་ཐུབ་བཅས་བྱ་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་། ཁུལ་དཔོན། ཁུལ་སྐྱེ་ཁམས་ཁོར་སྲུང་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཡུས་ཆུང་བཅས་ཚོགས་འདུར་ཞུགས།
ཚོགས་འདུར་སྐྱེ་ཁམས་ཁོར་སྲུང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་གཅིག་སྡུད་ཐོག་སློབ་སྦྱོང་བྱས་པ་དང་། གོང་རིམ་གྱི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་བརྒྱུད་སྦྱངས་བྱས། ན་ནིང་ནས་བཟུང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་སྲུང་ལས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལེགས་བཅོས་ཀྱི་འཕེལ་རིམ། ཁུལ་ཡོངས་ཀྱི་བེད་མེད་དངོས་པོ་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་སྙན་སེང་ལ་ཉན་པ་དང་། རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་ནན་གྱིས་བསྟན་དོན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་སྲུང་ནི་ཡུན་རིང་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་ལས་དོན་ཞིག་ཡིན་པས་ས་གནས་ཁག་དང་སྡེ་ཚན་ཁག་གིས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས”དང“དོ་དམ་གསུམ་དང་དགོས་ངེས་གསུམ”གྱི་བླང་བྱ་དོན་དུ་འཁྱོལ་ནས་རང་འགན་རང་སྒྲུབ་གྱིས་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་ཐག་གཅོད་དང་། ཤུགས་ཡོད་རྒུས་གཙོ་གནད་ལས་འགན་ལ་བསྐུལ་ཞིང་། མཉམ་འཛིན་མཉམ་སྒྲུབ་ཀྱི་ཁོར་སྲུང་ཆེན་པོའི་ལས་ཀའི་རྣམ་པ་བསྐྲུན་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་མཐུན་སྦྱོར་ངང་མཐོར་འདེགས་ཡོང་བར་བྱ་དགོས།
ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། ཁུལ་གྱི་འབྲེལ་ཡོད་མགོ་ཁྲིད། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཨུ་ལྷན་གྱི་གྲུབ་མི་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་ར་གཙོ་བོའི་གྲོས་ཚོགས་སུ་ཞུགས།།(ལྷ་འཛོམས་ཀྱིས་བསྒྱུར།)
