སྤྱི་ཟླ5པའི་ཚེས21ཉིན་ལ་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། འཕེལ་རྒྱས་ཀྱི་གོ་སྐབས་བཟང་པོ་མྱུར་དུ་འཛིན་ཞིང་། ཡུལ་བབ་དང་བསྟུན་རྒྱུ་རྒྱུན་འཁྱོངས་ཏེ་གནས་འཛོལ་འགྲན་རྩོད་དང་ཁྱད་ཆོས་མངོན་གསལ་དོད་པོའི་མཐོ་སྒང་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་ཤིང་། ཚོགས་འདུར་ཁུལ་ཡོངས་དང་དེ་བཞིན་ཉག་ཆུ་རྫོང་གིས་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཚུལ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཁུལ་གཏོགས་ཁེ་ལས་ཀྱིས་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ལ་བསྐུལ་བའི་གཙོ་གནད་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་རེད། ཚོགས་འདུར་སི་ཁྲོན་ཞིང་ཆེན་མཁའ་དམའ་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་དང་། སི་ཁྲོན་ཐེང་ཏུན་ཚན་རྩལ་གསར་གཏོད་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། ཁྲེང་ཏུའུ་འགྲིམ་འགྲུལ་མ་འཇོག་དང་མཁའ་འགྲུལ་མ་འཇོག་ཚོགས་པ་བཅས་ཀྱིས་སྔ་རྗེས་སུ་སྤེལ་རེས་གཏམ་བཤད་བྱས་པ་རེད།
ཚོགས་འདུར་བསྟན་དོན། མཁའ་དམའ་དཔལ་འབྱོར་ནི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་དཔེ་མཚོན་མཚོན་བྱེད་ཡིན་ལ། རྒྱལ་ཁབ་ཀྱིས་གཙོ་གནད་དུ་གསོ་སྐྱོང་བྱས་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཤིག་ཡིན་པས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་འཕེལ་རྒྱས་མདུན་ལམ་ཡངས་ཤིང་རྒྱ་ཆེན་པོ་ཡོད་པ་རེད། རང་ཁུལ་གྱི་མཁའ་ཁོངས་ཀྱི་ཐོན་ཁུངས་རྒྱ་ཆེ་བ་དང་། མཐོ་སྒང་གིས་ས་དབྱིབས་ཐུན་མོང་མ་ཡིན་པ་དང་། བཀོལ་སྤྱོད་ཀྱི་རྣམ་པ་ཕུན་སུམ་ཚོགས་པ། མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་ནི་དུས་རབས་ཀྱི་གོ་སྐབས་དམ་འཛིན་དང་། ཐབས་ལམ་བསྒྱུར་ནས་འཕེལ་རྒྱས་ཡོང་བར་བྱ་རྒྱུ། འཕེལ་རྒྱས་སྤུས་ཚད་མཐོན་པོར་བསྐུལ་བའི་ཐབས་ལམ་གལ་ཆེན་བཅས་ཡིན་པ་རེད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་ཡང་དག་པ་བྱས་ནས་གཙོ་རྒོལ་ཁ་ཕྱོགས་གཏན་འཁེལ་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་མཁའ་དམའ་དཔལ་འབྱོར་དེ“སྔོན་སྤེལ་དང་སྔོན་དུ་ཚོད་ལྟ”ནས“སྟོབས་ཆེའི་འཕེལ་རྒྱས་ཀྱི་རྣམ་ཚུལ་ཆགས་ཤིང་གྲུབ་འབྲས་ཐོན་པའི”ཕྱོགས་སུ་མཆོང་བརྒལ་ཐུབ་ཡོད།
ཚོགས་འདུར་ནན་གསུང་གནང་དོན། མཁའ་དམའ་དཔལ་འབྱོར་འཆར་འགོད་སྣེ་ཁྲིད་དུ་བྱས་ནས་རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན་དགོས། མཁའ་དམའ་སྒྲིག་བཀོད་རྨང་གཞིར་བྱས་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏང་དགོས། མཁའ་དམའ་བཀོལ་སྤྱོད་བྱེད་པར་བརྟེན་ནས་ལས་རིགས་བརྒྱ་ཕྲག་ལ་རོགས་འདེགས་བྱ་དགོས། མཁའ་དམའ་བཟོ་སྐྲུན་བྱེད་པར་འདེགས་སྐྱོར་བྱ་ཡས་བྱས་ཏེ་ཐོན་ལས་ཁྱུ་ཚོགས་སྟོབས་ཆེར་གཏང་དགོས། མཁའ་དམའ་ཉེན་མེད་ཡོང་བར་བྱ་རྒྱུ་སྔོན་འགྲོའི་ཆ་རྐྱེན་དུ་བྱས་ཏེ་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏང་དགོས།
ཚོགས་འདུར་ཡང་དུ་ནན་གསུངས་གནང་དོན། མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་གཏང་རྒྱུ་ནི་བརྒྱུད་རིམ་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པས་ཕྱོགས་མང་པོའི་ཐད་མཐུན་སྦྱོར་ངང་ཤུགས་བསྣན་དགོས། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་སྒྲིག་གཞི་འཛུགས་པ་དང་ཤེས་ལྡན་མི་སྣ་གསོ་སྐྱོང་། ཚོང་འགུགས་མ་དངུལ་ནང་འདྲེན་སོགས་ཐད་འགན་ལེན་བྱེད་ཤུགས་ཆེ་རུ་གཏང་དགོས། རྫོང(གྲོང་ཁྱེར)ཁག་གིས་དོན་དངོས་ལ་གཞི་ཚུགས་པ་དང་གནས་འཛོལ་འཕེལ་རྒྱས་གཏོང་བ་དང་། ཁྱད་ཆོས་ཀྱི་འཕེལ་རྒྱས་ཐབས་ལམ་འཚོལ་ཞིབ་བྱེད་པ། མཁའ་དམའ་དཔལ་འབྱོར་གྱི་འཕར་གནས་གསར་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ་བཅས་བྱས་ཏེ་དཀར་མཛེས་ཁུལ་གྱི་མཁའ་དམའ་དཔལ་འབྱོར་འཕེལ་རྒྱས་ཆེན་པོ་འགྲོ་རྒྱུར་མཉམ་དུ་སྐུལ་འདེད་གཏང་དགོས།།
(ལྷ་འཛོམས་ཀྱིས་བསྒྱུར།)
