སྤྱི་ཟླ5པའི་ཚེས23ཉིན་གྱི་དགོང་མོར།གདན་ཐོག་རི་བོའི་གོང་ཞོལ་ནས།སེམས་དང་བསམ་པ་གཅིག་ཏུ་མཐུན་ཞེས་པ་གཙོ་དོན་དུ་བྱས་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་ཚོང་འདུས་མཉམ་འགུལ་མྱོང་རོལ་བྱེད་སྒོ་དར་མདོ་གྲོང་ཁུལ་དུ་སྤེལ། དར་མདོའི་རིག་གནས་ལོ་རྒྱུས་མཚོན་ཐུབ་པའི་སྲང་ལམ་རྙིང་པ་དེ་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་དང་མི་ཚོགས་འདུ་གནས་ཤིག་ཏུ་གྱུར། འདི་ནི་ད་ལོའི4པའི་ཚེས8ཉིན་གྱི་གདན་ཐོག་རི་བོ་བསྐོར་བའི་འདུ་ཚོགས་ཀྱི་གཙོ་དོན་བྱེད་སྒོའི་ཡ་གྱལ་ཞིག་ཡིན། བྱེད་སྒོ་འདིས་གནའ་བོ་ཇ་འདྲེན་བདལ་ལམ་གྱི་ལོ་རྒྱུས་ཟབ་མོ་སྔོག་འདོན་དང་གཟུགས་མེད་རིག་གནས་ཤུལ་བཞག་སླར་གསོ། སྲང་ལམ་རྣམ་པ་བསྐྱར་བསྐྲུན།མཚན་མོའི་འཛད་སྤྱོད་སོགས་ཀྱི་གྲོང་ཁུལ་རྙིང་པར་གསོན་ཤུགས་གསར་པ་བསྩལ་ཡོད་པ་རེད།
ཐེངས་འདིའི་བྱེད་སྒོས་སྲང་ལམ་རྙིང་པའི་ལམ་མཚམས་སུ་ནུབ་གླིང་གི་རོལ་དབྱངས་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ།དམངས་སྲོལ་གླུ་བྲོ།ལོ་རྒྱུས་སྙན་ངག་རིག་གནས།ན་གཞོན་རིག་གནས་གསར་གཏོད།མང་ཚོགས་མཉམ་འགུལ་སོགས་ཁྱད་ཆོས་ཐོན་ལས་བཅས་སྣ་ཁ་བཅུ་ལྷག་ལ་ལྟད་མོ་ལྟ་ཆོག་པ་དང་།འཛད་སྤྱོད་བྱེད་ཆོག་པ་བཅས་སེམས་ལྷོད་པོས་རིག་གནས་ཡུལ་སྐོར་མྱོང་རོལ་གྱི་རྣམ་པ་གསར་པ་ཞིག་བསྐྲུན་ཡོད།མགོ་ཐང་འཚེམ་དྲུབ་དང་།ཀརྨ་སྒར་བྲིས།གེ་སར་རིག་གནས་བཅས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་ཆེན་པོ་གསུམ་ཚོང་འདུས་ཐོག་གཅིག་སྡུད་ངང་འགྲེམ་སྟོན་བྱས་ཡོད། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་ན་གཞོན་རིག་གནས་གསར་གཏོད་འགྲེམ་ཁུལ་དུ་བོད་ལུགས་གསོ་རིག་དང་། བོད་ཡིག་ཡིག་གཟུགས། ཐང་ག་གསར་པ་བཅས་ལ་མྱོང་རོལ་བྱེད་ཆོག་པར་མ་ཟད་ཉོ་ཚོང་འཛད་སྤྱོད་ཀྱི་ཐོན་རྫས་སུ་ཡང་གྱུར་ཡོད།
དར་མདོ་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ད་ཐེངས་བྱེད་སྒོ་ནི་གཟུགས་མེད་རིག་གནས་ཤུལ་བཞག་བརྟེན་ས་གཙོ་བོར་བྱས་ཏེ། དམིགས་ཡུལ་གཙོ་བོ་ནི་རིག་གནས་འདྲེན་ཤུགས་ཆེ་རུ་གཏོང་བ་དང་།འགྲུལ་པར་སྤྲོ་སྣང་སྟེར་བ། འཛད་སྤྱོད་འཕེལ་བ་བཅས་བྱས་ཏེ་སྲང་ལམ་རྙིང་པ་ནི་དར་མདོའི་མཚན་མོ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་མཚོན་རྟགས་གསར་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན།རྗེས་མ།དར་མདོ་གྲོང་ཁྱེར་གྱིས་མུ་མཐུད་དེ་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་དམིགས་འབེན་བཟུང་ནས་རིག་གནས་ཡུལ་སྐོར་གྱི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་གཏང་བ་དང་།ཐོན་ལས་འབྲེལ་ཐག་སྐྱེད་སྲིང་བྱས་ཏེ་རིག་གནས་ཀྱིས་ཐོན་ལས་ལ་ཕན་ཐོགས་པ་དང་ཐོན་ལས་ཀྱིས་རིག་གནས་དར་སྤེལ་གཏང་བ།རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་དེ་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དགེ་མཚན་ལ་བསྒྱུར་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་བ་དང་གྲོང་ཁྱེར་གྱི་སྤུས་ཀ་ཇེ་ལེགས་གཏང་རྒྱུར་འབད་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
མཇུག་ཏུ་མེས་རྒྱལ་ལ་དགའ་ཞེན་དང་བདེ་སྐྱིད་འཚོ་བར་བསྟོད་པའི་མི་སྟོང་ཕྲག་མང་པོ་འཛོམས་པའི་མི་རིགས་ཀྱི་སྐོར་བྲོ་ཁྲོད་ནས་བྱེད་སྒོ་མཇུག་རྫོགས་པ་རེད།།
( ཨོ་རྒྱན། རྟ་མགྲིན། སྐལ་བཟང་བཅས་ཀྱིས་བྲིས།)
