སྣང་བའི་དབྱར་གཞུང་སེམས་ཀྱི་ལོགས་མལ།།
འཇའ་ཡི་འོད་ཀོར་མེ་ཏོག་ཞྭ་མོ།།
སྐར་མའི་མགུལ་རྒྱན་ཟླ་བའི་རྨི་ལམ།།
སྐྱེ་བ་ཞིག་གི་དབུ་ཁྱུད་ཡིན་སོང་།།
ཚོར་བ་བན་བུན་སྣང་བ་རབ་རིབ།།
ལོ་ཟླ་ཐལ་མདོག་འཚོ་བ་བསྐྱར་ཟློས།།
ནར་སོན་གོ་རིམ་སྒྱུ་མའི་བརྙན་ཟློས།།
སུ་ཡིས་བརྩམས་པའི་སྒྲུང་གཏམ་མག་མོག།
སྨྱོན་པའི་ལབ་བརྡོལ་ཚིག་གི་གཟེར་མ།།
རྒྱལ་ཁམས་མི་ཡིས་འཕྱ་སྨོད་གཏོང་རུང་།།
ནང་གི་གསོན་དྲོད་རྟགས་ཙམ་མཆིས་པའི།།
མཚན་མའི་བདེན་པ་འདི་ལས་མི་འདུག།
མུན་པའི་ངོ་གདོང་གཏིང་ཡང་རིང་བ།།
འོད་ཀྱི་གཟུངས་ཐག་འཛིན་རེག་བྲལ་བ།།
དཀར་ནག་གང་གི་ཆ་རུ་མ་གཏོགས།།
རླུང་གིས་ཁྱེར་བའི་རས་དུམ་འདྲ་ལེ།།
མེད་པོའི་འཇིག་རྟེན་འཁང་རའི་རྡུལ་ཕུང་།།
ཐོབ་ཤོར་རེ་འབྲས་སྒྱུ་མའི་ཆུ་ཀླུང་།།
འཁོར་བའི་ཕལ་པས་ཡུན་དུ་བདས་མཐར།།
ཨ་ཐང་ཁངས་ཆར་སེམས་ལ་གཙུབ་བྱུང་།།
བཞུད་པའི་ལོ་ཟླ་ལམ་གྱི་ཕྱི་མིག།
སྐྱིད་སྡུག་གཏམ་རྒྱུད་ཡིད་ཀྱི་བརྙན་རིས།།
སྨྲེང་བའི་འབབ་ཚིགས་རེ་རེ་བརྒྱུད་དུས།།
གདུང་བའི་མཆིལ་ཐིག་ཉིལ་ཐབས་མ་བྱུང་།།
རི་ཡི་རྟོགས་ལྡན་རི་ནས་མ་འཁྱོངས།།
བས་མཐའི་སྒོམ་ཆེན་བས་མཐའ་མ་ཟིན།།
ཉོན་ཚོགས་འདམ་གྱི་དུས་མཐའི་བཙུན་གཟུགས།།
ཅི་ཡང་མེད་དེ་ཅི་ཡང་མ་ནུས།།
༼ རྒུན་ཆང་། ༽
