国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་པ་འཁྲེན་ས།

ལམ་ལ་ཆས་དུས། ཁོ་མོའི་མིག་ཟུང་ལས་

རླུང་བུ་ལྡང་གིན་འདུག།

དཔྱིད་རླུང་བསིལ་བསིལ་ཁྲོད།

ང་རང་གཞི་ནས་ཕ་ཡུལ་ལ་སླེབས་བྱུང་།

ཕ་ཡུལ་ནས། ང་རང་སྙིང་ཉེ་བའི་ཡུལ་མི་མང་པོ་ཞིག་

དང་མཇལ་བྱུང་།

ཕ་ཡུལ་ནས། གོམས་འདྲིས་སུ་སོང་བའི་ལམ་ཕྲན་

དང་གཙང་པོ་དག་མཇལ་བྱུང་།

ཕ་ཡུལ། ཉི་འོད་ལམ་ལམ་ཁྲོད་རྔམ་རྔམ་གྱིས་

འགྱིང་འདུག།

ཕ་ཡུལ། ཟླ་འོད་བསིལ་བསིལ་ཁྲོད་ཁུ་སིམ་མེར་

གཟིམ་འདུག།

ཡིན་ནའང་། ངས་ཕ་ཡུལ་ནས་ཁྱེད་ཕྱོགས་སུ་

འཕྲིན་པ་མང་དག་ཅིག་རླུང་ལ་བསྐུར།

སྒེའུ་ཁུང་ཕྱི་རོལ་གྱི་ལྕང་མའི་ལྗོན་པའང་ཉི་འོད་ཀྱི་

འོག་ཏུ་འགྲེང་འདུག།

ཉི་མའི་འོད་ཟེར་ཡལ་གའི་མཛུབ་བར་ནས་

ཡུན་རིང་ལ་འབར་རྗེས།

ལོ་མ་དང་ལྕུག་ཕྲན། ལྗང་མདོག་གིས་གསོན་ཞིང་

ཚེ་སྲོག་གི་ཐོག་མ་འབུ་འགོ་བརྩམས།

ཕ་ཡུལ། སྡོང་འགོ་ན་གོར་གོར་དུ་བཅས་པའི་

བྱེའུ་ཚང་རྙིང་ཧྲིལ་ཞིག་དང་འདྲ་ཨང་།

ཕ་ཡུལ། སྡོང་རྩ་ན་དྲ་བ་དྲ་ཕྱེད་དུ་འཐེན་པའི་

སྡོམ་རྒྱ་ཞིག་རོ་ཞིག་དང་འདྲ་ཨང་།

ཕ་ཡུལ་ནས་ཁྱེད་དང་མཇལ་མི་སྲིད་པའི་

ཉིན་ཞག་དག།

སེམས་སུ་རླུང་བུ་ལྡང་ཐེངས་རེ་རེ་ཡིན།

དཔྱིད་ཀ་མང་པོ་ཞིག་འདས་རྗེས་སླར་ཡང་

དཔྱིད་ཀ་གཞན་ཞིག་ཚེས་དུས་ཤིག་ལ།

འུ་ཉིས་སླར་ཡང་ལྗོན་རྩ་དེ་རུ་མེ་ཏོག་ཆ་གཅིག་

ལྟ་བུར་བཞད་སྲིད་དམ།

ཡང་ན་དཔྱིད་ཀ་འདས་རྗེས་ཀྱི་སྟོན་དུས་ཤིག་ལ།

འུ་ཉིས་གསེར་མདོག་གི་ལོ་མ་ནང་བཞིན་བསིལ་རླུང་

གི་ཁྲོད་ནས་སྡོང་རྩ་དེ་རུ་འབབ་སྲིད་དམ།

ལམ་ལ་ཆས་དུས། དཔྱིད་རླུང་བསིལ་བསིལ་

ལྡང་གིན་འདུག།

ལམ་ལ་ཆས་དུས། དྲན་པ་ཁོ་ན་

ལྷོག་ལྷོག་འགུལ་གྱིན་འདུག།

ལམ་ལ་ཆས་དུས། ཁོ་མོའི་མིག་ཟུང་ལས་

རླུང་བུ་ལྡང་གིན་འདུག།

༼ གཡེར་མ། ༽