国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེམས་ཀྱི་སྤྲོ་གར་ རིང་མོ།

ཡིད་ལ་ལྡང་བའི་ཚིག་གི་དར་ཐག།

ཞེ་གཏིང་སྨིན་ནས་སྣང་བ་ཁྲིད་དེ།།

ལས་ཀྱི་ཟླ་བོས་ཉམས་འགྱུར་རེ་ལ།།

སྲིད་པའི་གཞུང་དུ་གློ་སྙིང་འཁྲེང་པ།།

ལོ་ཟླའི་སྨྲེང་བ་གང་ལ་ཐོགས་ཀྱང་།།

བསམ་པའི་རི་མོ་འབྲི་ཐབས་མ་བྱུང་།།

དལ་བ་དལ་གྱི་སྣང་བརྙན་དེ་དག།

མི་རྟག་ཀློང་ནས་མངོན་པའི་དུས་ནི།།

སྤྲོས་པའི་ཚུལ་དུ་ཡུན་རིང་མིན་ཡང་།།

བློ་ཡི་དབུས་སུ་ཆགས་པའི་ཉིན་མོ།།

ལས་ཀྱི་རླུང་བུས་བསིལ་གྲིབ་ཕོག་པ།།

མ་བཅོས་འཚོ་བ་སེམས་ལ་སྤྲོ་བས།།

ངག་རིག་ལམ་ནས་བརྗོད་དུ་མེད་དུས།།

སྒྱུ་འཕྲུལ་ཞིག་དང་འདྲ་མཚུངས་ཤིག་ལ།།

དོན་གྱི་རང་བཞིན་སོ་སོར་མངོན་ཡོད།།

སྣང་བ་ཚོགས་པའི་ཉིན་ཞག་གཉིས་སུ།།

ཚོར་བའི་རྨི་ལམ་རྨིས་ཐེངས་རེ་ལ།།

ཞེ་ལ་སྨིན་པའི་སྤྲོ་གར་རིང་མོ།།

ཇི་སྙེད་ཅིག་ལས་རིང་དུ་འདས་སོང་།།

སེམས་ཀྱི་གཞས་ཆུང་ངག་ཏུ་ཐོགས་ཏེ།།

བྲེལ་ཚུལ་བོར་བའི་འཆར་ཡན་དེ་ཡང་།།

ལང་ལོང་རྒྱུད་པའི་སྤྲིན་པ་ཇི་བཞིན།།

སྙན་པའི་ངག་དང་བར་ཐག་ཉེ་ནས།།

ཡིད་འོང་ཇི་སྙེད་རྟོག་བཏགས་བྲལ་བ།།

གློ་རྡེག་ངང་དུ་ཚོར་བའི་གཞུང་ལ།།

དྲན་དུ་མེད་ཀྱང་ཐོལ་གྱིས་མངོན་བྱུང་།།

༼ ཁམས་འོད་གསལ། ༽