国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






འཛུམ་མེར་མེར།

ཁ་ཉིན་ཁྱོད་རང་སློབ་མཐར་ཕྱིན་པ་གོ་རྗེས་ངས་ཁྱོད་ལ་རྟེན་འབྲེལ་ཞུ་བའི་ཁ་གཡང་གི་མེ་ཏོག་འགའ་རེ་ཐོར་བ་ལས་ངའི་ལུས་ཁམས་ཤིན་ཏུ་ཉོབ་པས། རྟག་པར་ཡིད་ལ་འཁོར་བའི་བསམ་ཚུལ་དེ་དག་བྲི་ལོང་མ་བྱུང་། དེ་བས་ད་ལྟའི་བར་དུ་འགོར་འགྱངས་ཕྱིན་སོང་། དོན་ངོ་མ་ང་ལ་དོན་སྙིང་ལྡན་པའི་སྐད་ཆ་ཅི་ཞིག་བཤད་རྒྱུ་ཡོད་དེ། ཚིག་ཚོགས་རེ་སྤུངས་པ་འདི་ག་རང་ལགས། འོན་ཀྱང་། ཡིག་འབྲུ་གཅིག་གི་རྗེས་སུ་གཅིག་མཐུད་དེ་མཐའ་མ་རྩོམ་ཡིག་ནར་ནར་ཞིག་གྲུབ་པ་འདི་ཡང་ང་ལ་མཚོན་ན་བདེ་སྐྱིད་ཅིག་ཏུ་ངོས་འཛིན་ཆོག། དེ་ནི་འགན་འཁྲི་ཞིག་མིན་པར་དགའ་ཕྱོགས་ཤིག་ཏུ་གྱུར་པས་ལོས་ཡིན། གང་ལྟར་ངས་འཛུམ་མེར་མེར་གྱི་གྲོགས་པོ་ཁྱོད་རང་ངོ་ཤེས་པ་ནས་ང་ལ་སེམས་འགུལ་འགའ་རེ་ཐེབས་མྱོང་སྟེ། ༢༠༢༣ལོ་ངེད་གཉིས་སྐད་འཕྲིན་གྱི་ནང་དུ་ཡི་གེ་གཏོང་རེས་ཀྱིས་ཁ་བརྡ་ཤོད་སྐབས། ཁྱོད་རང་ལོ་དེའི་གུང་གསེང་གི་རིང་ལྷ་ས་ནས་ལས་ཀ་འཚོལ་བཞིན་ཡོད་ལ། ལས་ཀ་འཚོལ་དོན་ཡང་རྟག་པར་ཕ་མ་དང་ནང་མི་དག་ལ་རྒྱབ་བསྙེས་རྐྱང་བྱེད་ན་སེམས་སུ་སྟོང་ཆ་མང་པོ་ཞིག་ལུས་ཤིང་། རང་གི་འཚོ་བ་འདི་དག་ཆ་མི་ཚང་བ་ཞིག་ཡིན་པ་བཤད། ནམ་ཞར་ནང་མི་སོགས་ལ་ཁ་གཟེད་ལག་གཟེད་བྱེད་པར་གོམས་སོང་བའི་ང་ལ་མཚོན་ན་ཁྱོད་ཀྱི་སྐད་ཆ་འདི་ཚེར་མ་ལྟར་རྣོ་ཞིང་། ཡང་རྒྱ་སེར་མེ་ཏོག་བཞིན་ཡིད་དུ་འོང་བ་ཡིན་ཏེ། ངོ་ལ་དམར་ལམ་ལམ་གྱི་ཁ་དོག་རེ་བྱིན་པས་ཚིག་རྣོ་བ་ཡིན་ལ། དེའི་ཕག་ཏུ་བསམ་གཞིག་བྱ་དགོས་པའི་གནས་ཤིག་ཡོད་པས་ཡིད་དུ་འོང་བ་ཡིན།

ད་དུང་ལོ་དེར། ཁྱོད་དང་ཁྱོད་ཀྱི་གྲོགས་པོ་སོར་གདུབ་གཉིས་ཀྱིས་གོས་ཆེན་སོ་མ་ཞེས་པའི་སྙན་དེབ་ཅིག་ཕུད་རྩིས་ཡོད་པ་ང་ལ་བཤད། འོན་ཀྱང་། སྟབས་མ་ལེགས་པར་སོར་གདུབ་ལགས་ནད་གཞི་ལྗིད་མོ་ཞིག་གི་རྐྱེན་པས་ཕྱིར་འོང་མེད་པའི་འཇིག་རྟེན་དེར་བཞུད་སོང་། ཤ་དར་ཁྲག་དར་གྱི་ན་གཞོན་རྩོམ་པ་པོ་ཞིག་བོད་ཁ་བའི་ལྗོངས་དང་གཏན་དུ་གྱེས། ཕ་སྐད་མ་ཡིག་ལ་བརྩེ་དུང་ཟབ་པའི་གཞོན་ནུ་ཟླ་མེད་ཅིག་གི་ལ་རྒྱའི་སྙིང་རྩ་འཕར་མཚམས་བཞག་ཅིང་། བོད་ཞེན་གྱི་ཟུངས་ཁྲག་བཞུར་མཚམས་ཆད་པའི་སྐབས་དེར། ཁྱོད་ནི་ན་མ་སོན་པའི་བྱིས་པ་ཞིག་དང་འདྲ་བར་ཤེད་ཀྱིས་ངུས་ཏེ་མིག་ཆུ་ཐ་ར་ར་གཏོང་ཡོང་བས། ངའི་མགྲིན་པ་ཡང་མཆི་མས་བརྣངས་ཤིང་རེ་ཞིག་ངག་མི་ཁྲོལ་བའི་ཚོད་དུ་གྱུར། དེ་བས་ཡིག་ཐོག་ནས་སེམས་གསོའི་དོད་དུ་ཚིག་འབྲུ་འགའ་རེ་བྲིས། ཡང་ཉིན་གཅིག་ངེད་གཉིས་སྐད་འཕྲིན་ནང་དུ་ཤ་གསེང་འདར་བར་བྱེད་པའི་སྐྱོ་གཏམ་ལུང་པ་གང་རེ་བཤད་ཅིང་སོ་སོའི་ས་ནས་འདས་པོ་སོར་གདུབ་ལ་རྗེས་དྲན་ཞུས། རྗེས་སུ་ཁྱོད་ཀྱིས་དཀའ་བ་ཁྱད་བསད་དང་ངལ་བ་དང་བླངས་ཀྱིས་འདས་པོ་སོར་གདུབ་ལགས་ཀྱི་ཡིད་ལ་རིང་དུ་བརྣག་པའི་རེ་འདུན་ཏེ། གོས་ཆེན་སོ་མའི་སྙན་དེབ་དེ་འཇིག་རྟེན་མི་ཡུལ་གྱི་ཁྲོམ་ར་ན་འགྲེམ་ཐུབ་སོང་། ལ་རྒྱ་དང་བརྩེ་དུང་སྙིང་ལ་བཅངས་པའི་འཛུམ་མེར་མེར་གྱི་གྲོགས་པོ་ཁྱོད་ཀྱི་བྱ་སྤྱོད་ཀྱིས་ང་ཡི་ཡིད་སེམས་དྲག་ཏུ་བསྐྱམས་སོང་།

ཡིད་ལྷག་པར་འཕྲོག་འོང་བའི་གཤིས་སྤྱོད་གཅིག་ནི། ཁོང་ལ་བོད་སེམས་གཙང་མའི་ལང་ཚོ་མངོན་པར་བཀྲ་བ་ཞིག་ཡོད། སློབ་གྲྭའི་སྐབས་སུ་བོད་ལྭ་སྤུས་དག་རེ་གྱོན་གྱིན་འདུག་ལ། བོད་ལྭས་གཟབ་སྤྲོས་བྱས་པ་ལ་ཡང་ཤིན་ཏུ་དགའ་བོ་འདུག། ངས་ཁོ་ལ་གཟུགས་མཐོང་ནམ་རྒྱག་དང་། ཁོང་གིས་གྲོགས་ཚོམས་སོགས་སུ་པར་རིས་ནམ་འཇོག་ལ་འཛུམ་མེར་མེར་གྱི་ངོ་གདོང་དེ་རྟག་པར་མིག་ངོས་སུ་འཚང་ཡོང་བ་ཞིག་ཡོད། འཛུམ་མེར་མེར་གྱི་གྲོགས་པོའི་ངོ་གདོང་དེ་དང་འདྲ་བར། ཡ་ཁོག་གི་སྙིང་ན་ཡོད་པའི་རིགས་ཞེན་དང་། ཤ་རུས་ཀྱི་གསེང་ན་ཐིམ་པའི་དམ་ཚིག། ཀླད་པའི་དཀྱིལ་ན་འཛུལ་བའི་ལེགས་བྱང་དང་། ཟུངས་ཁྲག་གི་རྒྱུན་ལ་འདྲེས་པའི་མི་གཤིས་སོགས་ཡོད་ཚད་ནས་ཡོད་ཚད་འཛུམ་མེར་མེར་ཞིག་ཡོད་པའི་སྣང་བ་འགོག་མེད་དུ་སྐྱེས་ནས་འོང་བས་ངས་འཛུམ་མདངས་ཀྱི་མེ་ཏོག་རབ་ཏུ་རྒྱས་པའི་གྲོགས་པོ་ཁོང་སློབ་མཐར་ཕྱིན་པར་དགའ་བསུ་རྟེན་འབྲེལ་གྱི་ཁ་གཡང་སྒྲོག་གིན་ཡོད་ལ། སྙིང་ཐག་པ་ནས་དགའ་གུས་ཚད་མེད་ཞུ་བཞིན་ཡོད། ཁྱོད་ཀྱི་མི་གཤིས་ལ་གས་ཆག་མི་ཐེབས་པར་བསྐལ་བ་ནས་བསྐལ་པའི་བར་དུ་བརྟན་པའི་སྨོན་འདུན་ཞུ་བཞིན་ཡོད་ལ། མ་མཐའ་ཡང་ཚེ་འདིར་ཐེར་ཟུག་ཏུ་གནས་པའི་སྨོན་ལམ་རྒྱག་གིན་ཡོད། ལས་གང་བྱས་ལམ་ལྷོངས་ཡོང་བའི་གསོལ་བ་སྙིང་ནས་འདེབས་ཀྱིན་ཡོད།

འཛུམ་མེར་མེར་གྱི་གྲོགས་པོ་ལགས། གལ་ཏེ། ཁྱོད་རང་སྤང་ཐང་ཞིག་ཡིན་ན་ཁྱོད་ཀྱི་ཕང་བ་རུ་བཞད་པའི་སྐྱེ་དངོས་ཐམས་ཅད་ནི་དམ་ཚིག་གི་མེ་ཏོག་དང་། བརྩེ་དུང་གི་ལོ་མ། ཤ་ཞེན་གྱི་རྩྭ་ལྗང་གིས་གྲུབ་པའི་ཆེས་ཡིད་དུ་འོང་བའི་ཡུལ་གྲུ་དེ་ཡིན་ངེས། ཁྱོད་ནི། ཡིག་རྒྱུགས་ཀྱི་སྐར་གྲངས་ལོང་ཙམ་དང་། སློབ་གྲྭའི་ལོ་ཚད་རྫོགས་ཙམ་མིན་པར་འགྲོ་བ་མི་ལ་མཁོ་བའི་མི་གཤིས་དང་དཔལ་ཡོན་གྱིས་ལེགས་པར་བརྒྱན་པའི་མཐར་ཕྱིན་སློབ་མ་ཞིག་ཡིན་པས་དགའ་གུས་ཡི་རངས་ཚད་མེད་ཅིག་མེད་ག་ལ་རུང་། དེང་འདིར་ཁྱོད་ཀྱིས་སློབ་ཆེན་ལ་བཞི་ཤད་འཐེན་པ་ཡིན་ཞིང་། སློབ་ཆེན་ལ་གྱེས་ཕྱག་ཀྱང་ཕུལ་བ་ཡིན། འོན་ཀྱང་། བཞི་ཤད་འདི་ནི་ལེའུའི་མཚམས་ཀྱི་བཞི་ཤད་ཡིན་པ་ལས་མཇུག་ཡོངས་གྲུབ་པའི་བཞི་ཤད་མིན་ཏེ། ཁྱོད་ཀྱིས་ད་དུང་རྩོམ་རིག་གི་མེ་ཏོག་གསོ་དགོས་ལ། བརྡ་དག་གི་མྱུ་གུ་བསྐྱང་དགོས། སེམས་ཁམས་རིག་པའི་རྩ་བ་བསྲུང་དགོས་ལ། དངོས་ཁམས་རིག་པའི་ཡལ་ག་རྒྱས་སུ་འཇུག་དགོས། ཁྱོད་ཀྱིས་སྤྱི་ཚོགས་ཆེན་པོ་འདིའི་སྒོ་ཐེམ་འགྲིམས་རྗེས། གཅིག་ན་ཁྱོད་ནི་སློབ་ཆུང་སློབ་མ་ཞིག་དང་འདྲ་བར་ཉམས་མྱོང་དང་ཤེས་ཡོན་གྱིས་ཤིན་ཏུ་དབུལ་ནས་ཡོད་པས། ཁྱོད་ཀྱིས་ཡང་དག་པའི་གཤིས་སྤྱོད་ལ་མཛེས་ཤིང་སྡུག་པའི་ལེགས་བྱང་གི་དྲ་བ་དང་ཉམས་མྱོང་གི་དྲྭ་ཕྱེད་འཐེན་དགོས་ཨང་།།

༼ ཐོག་རྒོད། ༽