国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཡིག་རིས་ཐོག་ནས་དར་རྩེ་མདོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་གདན་ཐོག་རི་བོ་བསྐོར་བའི་དམངས་སྲོལ་བྱེད་སྒོ་ལ་ལྟ།

སྤྱི་ཟླ5པའི་ཚེས24ཉིན། ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ་དྲིལ་སྒྲོག་པུའུ་དང་དར་མདོ་གྲོང་ཁྱེར་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དར་མདོ་གྲོང་ཁྱེར་རིག་གནས་ཡུལ་སྐོར་མ་འཇོག་གསར་སྤེལ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་སྒྲུབ་འགན་ཁུར་བའི་གདན་ཐོག་རི་བོའི་གོང་ཞོལ་ནས།སེམས་དང་བསམ་པ་གཅིག་ཏུ་མཐུན་ཞེས་པ་གཙོ་དོན་དུ་བྱས་པའི2026ལོའི་དར་རྩེ་མདོའི་བོད་ཟླ་བཞི་པའི་ཚེས་བརྒྱད་ཉིན་གྱི་གདན་ཐོག་རི་བོ་བསྐོར་བའི་དམངས་སྲོལ་བྱེད་སྒོ་དུས་ལྟར་དར་མདོ་རུ་སྤེལ་བ་རེད། ད་ལོར་མང་ཚོགས་ཀྱིས་ཡུན་རིང་རེ་སྒུག་བྱས་པའི་དམངས་སྲོལ་བྱེད་སྒོ་འདི་ནི། གདན་ཐོག་རི་བོའི་སྒང་ནས་རིག་རྩལ་རྣམ་གྲངས་ཕུན་སུམ་ཚོགས་པ་དང་རི་འདབས་ནས་དར་མདོའི་མཚན་ལྗོངས་སྐོར་བའི་བྱེད་སྒོ་ཁག་གཉིས་གཞི་གཅིག་ཏུ་འདྲེས་པའི་བྱེད་སྟངས་ཐོག་མར་སྤྱད་དེ། ལོ་ངོ་སྟོང་གི་གཟུགས་མེད་རིག་གནས་ཤུལ་བཞག་གི་གསོན་ཉམས་བརྒྱུད་འཛིན་དང་རྒྱལ་སྤྱིའི་རིག་གནས་ཡུལ་སྐོརIPམཉམ་འདྲེས་གཏིང་ཟབ་བྱས་ནས་འཛམ་གླིང་ལ་རིག་གནས་ཀྱི་མཐུག་ཚད་དང་དུས་རབས་ཀྱི་གསོན་ཤུགས་ལྡན་པའི་དར་རྩེ་མདོའི་མིང་གྲགས་སྔར་ལས་རྒྱས་སུ་བཅུག་པ་རེད།

ཞོགས་པའི་ཉི་ཟེར་རི་རྩེར་འཕྲོས་པ་དང་བསྟུན་ནས། ཡུལ་འདིའི་མི་རྣམས་སྔ་མོ་ནས་བཀོད་ཡག་རྐང་ལམ་བརྒྱུད་ནས་གདན་ཐོག་རི་བོར་འགོ་བཞིན་ཡོད་ལ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་དང་ལྟད་མོ་བ་སྟོང་ཕྲག་མང་པོ་གདན་ཐོག་རི་བོའི་སྒང་དུ་འཛོམས། སྔ་དྲོའི་དུས་ཚོད10:30སྟེང་སྔོན་འགྲོའི་རོལ་དབྱངས་ལྷོད་ཀྱིས་གྲགས་པ་དང་བསྟུན་ནས《བཀྲ་ཤིས་པའི་དར་མདོ་གྲོང》ཞེས་པའི་བྲོ་གཞས་སྙན་མོས་སྣེ་དྲངས་ནས་ཐེངས་འདིའི་རིག་རྩལ་བྱེད་སྒོ་དངོས་སུ་འགོ་བཙུགས། བྱེད་སྒོར་ཧྲིལ་པོ“བརྩེ་བས་ཕྱུག་པའི་གདན་ཐོག་རི་བོ”དང“ཅང་ཤེས་རྟ་མཆོག་གི་བང་རྩལ”“བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་བསྐྲུན”བཅས་ཀྱི་ལེའུ་ཆེན་པོ་གསུམ་གྱིས་གྲུབ་པར་བྱས་ནས་རིམ་པ་བཞིན་འཁྲབ་སྟོན་བྱས་ནས་རྒྱ་ཆེའི་ལྟད་མོ་བར་ངོ་མཚར་བའི་མཛེས་སྡུག་མཐོང་དུ་བཅུག་པ་རེད།

རྟ་མཆོག་གི་སྐྱ་རྩལ་དང་ཇ་འདྲེན་བདལ་ལམ་གྱི་ཞབས་བྲོ། གླིང་གེ་སར་རྒྱལ་པོའི་ཟློས་གར། མི་ཉག་སྐོར་བྲོ་སོགས་ཀྱིས་རྟ་རྩལ་དང་དཔའ་ཉམས། གནའ་བོའི་གྲོང་ཁྱེར་གྱི་ངོ་མཚར་བའི་གཏམ་རྒྱུད། གནའ་བོའི་དམག་གོས་དམག་རྟ། གཟུགས་མེད་རིག་གནས་ཤུལ་བཞག་བཅས་གཞི་གཅིག་ཏུ་འདྲེས་ནས་གནའ་བོའི་གཟི་མདངས་བསྐྱར་དུ་མངོན་པ་རེད།

བོད་ཀྱི་གླུ་མ་གྲགས་ཅན་དབང་སྒྲོན་མཚོ་དང་གླུ་བ་གྲགས་ཅན་དཔལ་ཆེན་དབང་རྒྱལ་གཉིས་ཀྱིས《ཚེ་གཅིག་གི་སྐྱ་ཡ》དང་། གླུ་བ་གྲགས་ཅན་བསམ་ཁོ་ཡིས《དར་མདོ་གྲོང་གི་བུ་མོ་མེ་ཏོག་དང་འདྲ》སོགས་གཞས་སྙན་མོ་རྒྱ་ཆེའི་ལྟད་མོ་བའི་སྙན་དབང་གསོ་བའི་བགོ་སྐལ་དུ་ཕུལ་བས་བྱེད་སྒོའི་ཡུལ་དངོས་སུ་དགའ་བསུ་ཡི་ཀི་སྒྲ་ཆད་མེད་གྲགས།

འཁྲབ་སྟོན་ཧྲིལ་པོར་མཐོ་སྒང་གི་མཛེས་ལྗོངས་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན། དུས་རབས་ཀྱི་སྙིང་སྟོབས་མཉམ་འདྲེས་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོའི་ཡིད་སེམས་སྐྱིད་ལ་བསྐུལ་བ་རེད།།( ཨོ་རྒྱན་དང་རྟ་མགྲིན། སྐལ་བཟང་བཅས་ཀྱིས་བྲིས་ཤིང་པར་བླངས།)