国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བོད་རིགས་བུད་མེད་དཀྱུས་མ་ཞིག་གི་དཀྱུས་མ་མིན་པའི་མི་ཚེ།

མོའི་མིང་ལ་དགེ་འདུན་སྒྲོལ་མ་ཟེར། སྤྱི་ལོ1974ལོའི་སྤྱི་ཟླ4པའི་ཚེས19ཉིན་ཁམས་མི་ཉག་གི་ཡུལ་གྲུ་རིང་མོའི་ཞིང་ནས། གནས་རི་བཞག་བྲ་ལྷ་རྩེའི་འདབས་སུ་ས་སྐྱིད་ལ་མི་འཇམ་པའི་རོང་པའི་ས་ཆ་ཝ་ཁྲལ་ཞེས་པའི་སྡེ་བ་རུ་ཕའི་མིང་ལ་དགའ་ཤིས་ཚགས་རིགས་དང་མའི་མིང་ལ་ཚེ་རིང་ལྷ་མོ་གཉིས་ཀྱི་བུ་མོར་སྐྱེས། མོ་ནི་བོད་རིགས་བུད་མེད་ཕལ་ཆེར་དང་མཚུངས་པའི་བུད་མེད་དཀྱུས་མ་ཞིག་ཡིན་ནའང། མོའི་མི་ཚེ་ནི་བུད་མེད་གཞན་པ་དང་བསྡུར་ན་དཀའ་སྡུག་དང་སྙིང་རུས། སྤོབས་པ་དང་བློ་གྲོས། བྱམས་པ་དང་སྙིང་རྗེ་བཅས་ཀྱིས་རབ་ཏུ་ཁེངས་པའི་མི་ཚེ་ཞིག་ཡིན།

མོའི་ཀྱག་ཀྱོག་གི་མི་ཚེ་ནི་མཐོ་སྒང་ཡུལ་དུ་བཞད་མ་ཐག་པའི་སྐལ་བཟང་མེ་ཏོག་ཆུན་པོ་གཅིག་དང་མཚུངས་ལ། ལོ་བཅུ་བདུན་ལ་སླེབས་སྐབས་སུ་མེ་ཅུན་ཆིང་ཞེས་པའི་ཕོ་སར་ཞིག་དང་འཇིག་རྟེན་གྱི་མཐུན་འཇུག་གི་འགྲོ་ལུགས་ལྟར་གཞིས་ཁྱིམ་བཟུང་ནས་བཟའ་ཚང་བསྐྱངས། སྔ་ཕྱིར་བུ་ཆུང་གཉིས་ཀྱི་ཨ་མར་གྱུར་རྗེས། ཁྱོ་གས་དུངས་བ་ཚད་མེད་ཀྱིས་བསྐྱངས་ཤིང་བུ་ཕྲུག་ལྷན་འཛོམས་ཀྱི་སྦྲང་རྩི་མངར་མོ་དང་མཚུངས་པའི་ཁྱིམ་བཟའ་ཚང་གི་འཚོ་བ་སྐྱིད་པོར་རོལ་འགོ་བརྩམས། ཡིན་ནའང་། འཇིག་རྟེན་གྱི་ཡོད་ཚད་མི་རྟག་པ་ཟེར་བ་ལྟར། དེ་འདྲའི་འཚོ་བ་སྐྱིད་པོ་དེ་རྩྭ་འགོའི་ཟིལ་པ་བཞིན་རྟག་པ་མ་བྱུང་ཞིང་། ལོ་བཞི་འགོར་རྗེས་ཀྱི་ཉིན་ཞིག་གི་ས་སྲོད་སྐབས་སུ་ཁྱོ་ག་གླ་བརྒྱབ་སར་སོང་ནས་ཕྱིར་ཡུལ་དུ་ལོག་པའི་ལམ་བར་དུ་སྟབས་མ་ལེགས་པར་རླངས་འཁོར་ལ་དོན་རྐྱེན་བྱུང་ནས་འཇིག་རྟེན་དང་ཁ་བྲལ་པའི་གཏམ་ངན་དེ་མོའི་རྣ་ལམ་དུ་ཐོས། དེ་ནས་བཟུང་། ཐོད་པའི་སྟེང་གི་མིག་གཉིས་ལས་གཅེས་པའི་ཁྱོ་ག་ཚེ་ལས་འདས་པའི་སྡུག་བསྔལ་དྲག་པོ་དང་གོམ་པ་ཙམ་སྤོ་ཤེས་མི་ཤེས་ཀྱི་བུ་ཕྲུག་གཉིས་གསོ་སྐྱོང་གི་ལས་འགན་ལྕི་མོ་མོའི་ཕྲག་ཐོག་ཏུ་ལྷུང་བ་རེད། ཡིན་ནའང་། མོ་ནི་གངས་རི་རྩེ་ནས་བཞད་པའི་གངས་ལྷ་མེ་ཏོག་ཆུན་པོ་གཅིག་དང་མཚུངས་པ་ལས་དབང་གིས་གཉའ་གནོན་ལ་མགོ་བོ་མ་བསྒུར་ཏེ་འཚོ་བའི་དཀའ་ངལ་ཡོད་ཚད་སྤོབས་པ་ཆེན་པོས་དང་དུ་བླངས་ནས་ཁེར་རྐྱང་གི་མི་ཚེ་དེ་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་བུར་མདུན་ནས་མདུན་དུ་མི་སྐྱོད་ཐབས་མེད་གྱུར།

བྱིས་པ་གཉིས་རིམ་བཞིན་ན་ལ་སོན་ནས་སློབ་ལོར་རན་པའི་དུས་སུ་སླེབས་ཚེ། མོས་ཤེས་རིག་བཟང་པོ་རང་རྒྱུད་དུ་འབྱོར་ན་མི་ཚེ་སྐྱིད་ལ་འཁོར་བའི་གནས་ཚུལ་ཤེས་བཞིན་བུ་ཆུང་གཉིས་རིམ་པ་བཞིན་དུ་སློབ་ཆུང་ནས་ཤེས་རིག་སྒོ་ཐེམ་སྙེག་ཏུ་བཅུག། ཁ་ལ་བཟའ་རྒྱུ་དང་རྒྱབ་ལ་གོན་རྒྱུ་སོགས་འཚོ་བའི་ཆེད་དུ་དཀའ་སྡུག་ཚད་མེད་མྱངས། ནམ་རྒྱུན་ཞོགས་བྱ་བྱེའུ་ཡི་སྐད་གྲགས་པ་དང་མཉམ་དུ་རྫོགས་མཐའ་མེད་པའི་ཁྱིམ་ལས་ཀྱི་འགོ་བརྩམས། ཞིང་ལས་བརྒྱབ་པའི་དུས་སུ་ཕྱི་རོལ་དུ་ཆར་བ་བབས་རུང་ཉི་མས་ཚ་རུང་ངལ་བར་མི་འཛེམས་པར་ཞིང་ལས་ལ་བརྩོན། ཞིང་ལས་བརྒྱབ་མི་དགོས་པའི་དུས་སུ་ཕྲུ་གུ་གཉིས་རྨོ་བོ་ཚང་ལ་བཅོལ་ནས་རི་སྒང་དུ་དབྱར་རྩྭ་དགུན་འབུ་བརྐོ་རུ་བསྐྱོད་པ་དང་ནགས་གསེང་དུ་ཤ་མོ་འཐུ་རུ་སོང་། ཆུ་ཁར་སྒོ་ཕྱུགས་ཀྱི་རུས་པ་འཐུ་རུ་སོང་། ལུང་པ་ནང་གསེར་རྐོ་རུ་སོང་། གང་སར་རྡོ་དཀར་སྒུམ་དུ་སོང་། སྲང་ལམ་དུ་མར་དང་རྩམ་པ་འཚོང་། རྒྱ་གྲོང་དུ་གླ་བརྒྱབ་པ་སོགས་ཁྱོ་ག་ཚེ་ལས་འདས་པའི་ཉིན་དེ་ནས་བུ་ཕྲུག་གཉིས་སློབ་གྲྭ་ཆེན་མོ་ལས་མཐར་མ་ཕྱིན་བར་དུ་ལོ་ཉི་ཤུ་ལྷག་ལ་ཕོ་ལས་མོ་ལས་གང་ཡིན་རུང་ཡོད་ཚད་མོ་གཅིག་པུས་བསྒྲུབས་ནས་ཡོང་བའི་སྙིང་སྟོབས་འདི་དང་ཧུར་བརྩོན་འདི་བུད་མེད་དཀྱུས་མ་ཞིག་ཕར་ཞོག་སྐྱེས་པ་ཕོ་ཞིག་གིས་ཀྱང་དཀའ་སྡུག་དེ་འདྲ་མྱོང་ཐུབ་མཁན་ཤིན་ཏུ་དཀོན། མཚམས་རེར། མོས་འདས་པའི་ལོ་ཟླ་ལ་ཕྱིར་དྲན་བྱེད་ཞོར་མིག་མཐར་མཆི་མ་འཁོར་བཞིན་ངའི་མི་ཚེ་ལ་འགྱོད་པ་སྤུ་ཙམ་མེད། ཁྱོ་གའི་བརྩེ་བའི་རྒྱུན་བསྐྱངས་བ་དང་ཁ་ཆེམས་ལྟར་བུ་ཕྲུག་གཉིས་ཤེས་རིག་མེད་མཁན་ཟོག་འདྲ་བ་མིན་པ་སྤྱི་ཚོགས་ལ་ཕན་པའི་མི་ཞིག་ཡོང་ཆེད་ཡོད་ཚད་བློས་བཏང་བ་ཡིན། ཕྲུ་གུ་གཉིས་སློབ་གྲྭར་སོང་ནས་ཤེས་རིག་སྦྱངས་ཐུབ་པ་ནི་ངའི་ཁོ་ནའི་དྲིན་མ་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱི་ཉི་འོད་འཇམ་པོ་ལྟ་བུའི་སྲིད་ཇུས་བཟང་པོ་དང་དགེ་རྒན་དྲིན་ཆེན་གྱི་བཀའ་དྲིན། དཀའ་ངལ་དང་འཕྲད་དུས་རོགས་རམ་བྱས་པའི་ཨ་ཁུ་ཨ་ཞང་སོགས་ཀྱི་བཀའ་དྲིན་ཡིན་ཟེར།

ཁྱོ་ག་ཚེ་ལས་འདས་རྗེས་དགེ་འདུན་སྒྲོལ་མས་ཡང་བསྐྱར་འདུག་རོགས་མ་བཙལ་བ་ནི་གཅེས་པའི་བུ་ཕྲུག་གཉིས་ལ་བསམ་བློ་བཏང་བ་ལོས་ཡིན། མོས་ཕ་གཡར་བུ་བསྡོམས་ཀྱི་ཁྱིམ་ཚང་ནི་དངོས་གནས་དཀའ་མོ་ཡིན་པར་ངེས་ཤེས་གཏིང་ཟབ་རྙེད། མོ་ནི་བུ་ཕྲུག་ཁོ་ནའི་ཆེད་དུ་འདང་མཁན་ཞིག་དང་རྒྱུན་འཁྱོངས་ཐུབ་མཁན། སྒེར་སེམས་མེད་པའི་བློ་དཀར་ཅན་ཞིག་རེད།

མོ་ནི་རང་གི་བུ་ཕྲུག་གཉིས་ལ་བྱམས་སེམས་ཆེན་པའི་ཨ་མ་ཞིག་ཡིན་པས་མ་ཚད། མོ་རང་གི་ཕ་མ་ལ་ཡང་ཁ་འཇམ་ལག་འཇམ་བྱེད་པའི་བུ་མོ་ཞིག་ཀྱང་ཡིན། མོའི་ཨ་མ་ལོ་ལྔའི་གོང་ནས་རྒས་ཤིང་མལ་སར་ལྷུང་བ་ནས་བཟུང་། མོས་མོའི་མིང་སྲིང་བཞི་ལས་རང་གཅིག་པུ་ཡིས་ཨ་མ་བསྙོར་གསོའི་འགན་འཁྲི་ཁུར་ཡོད། དུས་རྒྱུན་དུ། མོས་ཨ་མས་ཆེས་དགའ་བའི་ཟས་གཡོས་པ་དང་འཇམ་པའི་གོས་གོན་པ། གཅིན་སྐྱག་ལ་བཙོག་མི་བལྟ་བར་གཙང་སྒྲ་ལེགས་པོ་བྱས་པ་དང་། ན་དུས་སྨན་ལ་བསྟེན་པ། མོས་ཨ་མ་སེམས་ཁམས་མི་སྐྱིད་པའི་དུས་སུ་སེམས་གསོའི་གླུ་དབྱངས་ལེན་པ་དང་བྲོ་འཁྲབ་པ། ནམ་རྒྱུན་ཨ་མ་ལ་ཕྱི་རོལ་གྱི་ངོ་མཚར་བའི་གནས་ཚུལ་དང་དེང་སང་གི་འགྱུར་ལྡོག་སོགས་ངང་རྒྱུད་རིང་པོས་ཁ་བརྡ་གཏམ་གླེང་བཤད་པ་ལ་སུན་སྣང་གང་ཡང་མེད། ཁོམ་པ་ཡོད་དུས། མོས་ཨ་མ་ཁྲིད་ནས་ལྷ་ས་དང་པེ་ཅིང་། ཁྲེང་ཏུའུ་སོགས་ཡུལ་གཞན་དུ་ཆོས་འཇལ་དང་ཡུལ་སྐོར་ལ་བསྐྱོད་པ་རེད། མོས་ཞག་མ་སུམ་བརྒྱ་དྲུག་ཅུ་ཉིན་གཅིག་ལྟར་ཞོགས་སྔ་ལངས་དང་ནུབ་ཕྱིར་ཉལ་བྱས་ནས་ཨ་མར་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་ཡོད་པས། སྡེ་བའི་ནང་གི་མི་མང་པོས་མོའི་གུས་ལུགས་བྱ་སྤྱོད་ལ་རྗེས་སུ་ཡི་རངས་བ་དང་མི་ཚང་མས་མིག་དཔེ་བལྟ་ཡུལ་དུ་གྱུར་ཡོད།

མོ་ནི་རང་གི་ཁྱིམ་ཚང་ལ་འགན་སེམས་ལྡན་པར་མ་ཟད། གཞན་ཕན་ལྷག་བསམ་གྱིས་ཁེངས་པའི་བུད་མེད་ཞིག་ཀྱང་ཡིན། ཐེངས་ཤིག་ལ། མོས་དགོན་པའི་ནང་དབྱར་འཆམ་མཇལ་དུ་འགྲོ་དུས། ཕ་ཡུལ་གཅིག་པའི་བུད་མེད་ཞིག་གི་གསེར་ཁེ་ལྔ་བཅུ་དྲུག་ཅུ་ཡོད་པའི་གསེར་གྱི་ལག་གདུབ་ཞིག་བོར་སོང་བ་དེ་རྙེད་རུང་སྒེར་སེམས་སྤུ་ཙམ་མེད་པའི་སྒོ་ནས་ཕྱིར་བདག་པོ་ལ་སྤྲད་པ་རེད། གནས་ཚུལ་དེ་ལས་མོ་ནི་དངོས་གནས་བུད་མེད་གཞན་ཕན་ལྷག་བསམ་ཅན་ཞིག་ཡིན་པ་བྱ་སྤྱོད་དངོས་ལས་མཚོན་ཐུབ།

མོ་ནི་གངས་དང་བྲག་རྡོའི་སྲུབས་ནས་སྐྱེས་པའི་གངས་ལྷ་མེ་ཏོག་རྐང་གཅིག་བཞིན་ཁ་བ་བུ་ཡུག་ཇི་ལྟར་འཚུབ་ཀྱང་ཞུམ་པ་མེད་པའི་སྒོ་ནས་གཞན་ཕན་དང་ལྷག་བསམ་གྱི་དྲི་བསུང་ཞིམ་པོ་ཀུན་ནས་འཐུལ་ལོ།།

( སྐལ་བཟང་རྒྱ་མཚོས་བྲིས།)