国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སློབ་ཆུང་གི་སློབ་གྲོགས་དག་ལ་ཕུལ།

བརྩེ་བ་དབྱངས་ལ་བསྟར་བའི་སེམས་འཕྲིན།

བྱམས་པའི་མ་ལོའི་པང་དང་བྲལ་ནས་

གོམ་འགྲོས་ཁྱར་ཁྱོར་ལམ་བུར་གཞལ།།

མངར་བའི་ཐུར་སྦྲང་ཞིམ་བཅུད་རོལ་བཞིན་

ལྡབ་ལྡིབ་གཏམ་གྱིས་སྨྲ་སྒོ་ཕྱེ།།

དུང་སོ་མུ་ཏིག་ལང་ཚོ་སོ་མ་མཆུ་སྒྲོས་དབར་

ན་གྲལ་མཛེས་དུས།།

རེ་དོགས་འདམ་གྱིས་ཡིད་ནོར་མ་བསླད་ལོ་

བརྒྱད་སྣང་བ་འཇའ་ལས་མཛེས།།

རེ་བའི་ལང་ཚོ་སློབ་གླིང་བཞད་སོང་

བརྩེ་བའི་སློབ་གྲོགས་སེམས་སུ་འཁྲུངས།།

ཨ་ལི་ཀ་ལིའི་དབྱངས་གསལ་ཕྲེང་བས་

བློ་གསལ་མགུལ་བར་རྒྱན་སྤྲས་པས།།

གཞོན་པའི་ན་ཚོད་མཚར་སྡུག་འོད་ཀྱིས་གཟི་

བྱིན་ཉམས་སྣང་མཛེས་རྫོགས་སྐབས།།

ང་ཚོའི་སེམས་སུ་སྐད་དང་ཡི་གེར་དུང་ཞེན་

འཁྲི་ཤིང་ལང་ཚོ་བརྟས།།

མ་ཡུམ་སློབ་གྲྭའི་སྐྱེད་མོས་ཚལ་དུ་

སྔོན་བསགས་ལས་འབྲས་བཟང་པོའི་མཐུས།།

མ་འོངས་ཉི་གཞོན་བྱིས་པའི་ཁྱུ་གཅིག་

མ་བཅོས་འཛུམ་དཀར་རྒྱས་དང་ལྷན།།

ཚེ་གཅིག་སློབ་སྦྱོང་དབུ་ཁྱུད་བཏབ་པའི་

བགྲང་བྱ་མང་པོའི་སྔ་རོལ་ན།།

མཛའ་གཅུགས་རོལ་མོ་སེམས་སུ་

དཀྲོལ་བའི་རྨི་ལམ་རིང་མོའི་

གཏམ་རྒྱུད་ཡོད།།

ཡབ་ཡུམ་མིང་སྲིང་ཚེ་གཅིག་བདེ་སྡུག་

གཞོན་པ་ངེད་ཅག་བཅོལ་ཡོད་ཟེར།།

བརྩེ་བའི་དགེ་རྒན་སེམས་ཁུང་རུས་གསེང་རེ་

བའི་ཉི་གཞོན་བལྟམས་ཡོད་ཟེར།།

རིགས་ཀྱི་སྐད་ཡིག་བཻ་ཌཱུའི་བུམ་བཟང་

འཛིན་སྐྱོང་ལེགས་པར་བྱ་དགོས་ཟེར།།

ཕུགས་འདུན་གཤོག་ཟུང་བརྩོན་པས་བརྐྱངས་

ནས་རེ་བའི་ནམ་མཁའ་བརྒལཤོག་ཟེར།།

ཞག་གིས་ཟླ་བ་ཟླ་བས་ལོ་བསགས་བགྲང་བྱ་

དྲུག་གི་གཏམ་རྒྱུད་སྣེར།།

བཅོས་མིན་མཛའ་བརྩེའི་ཡིད་གཅུགས་ཐ་

གུས་སེམས་དང་བསམ་པ་ལྷན་སྦྲེལ་ཡང་།།

ཉིས་སྟོང་བཅོ་ལྔའི་དཔྱིད་ཀའི་ཉི་གཞོན་འཇིག་

རྟེན་སྣང་བར་མགྲོན་བསླེབས་དུས།།

ལོ་དྲུག་སློབ་ཆུང་འཚོ་བའི་བདེ་སྐྱིད་རྫོགས་

ཚིག་གཟན་པོ་རང་འཁྲུངས་གྱུར།།

ལྷན་འཛོམས་མཐའ་མར་གླུ་དབྱངས་

ལེན་སོང་སྐྱོ་བའི་ཚུལ་གྱིས་

གར་སྟབས་བསྒྱུར།།

དགེ་སློབ་བར་གྱི་མཛའ་གཅུགས་ཆར་སྤྲིན་

དྲག་ཏུ་གཏིབས་པའི་ཕང་བ་ནས།།

མ་བཅོས་མིག་ཆུའི་སྦྲང་ཆར་ཟིམ་མས་དམར་

མདངས་མཁུར་ཚོས་བངས་པ་ཡིས།།

མི་སེམས་ལྡུམ་རར་འདང་བརྩེའི་པད་

དཀར་ལང་ཚོའི་མཚར་སྡུག་

སྨིན་པའི་རྟགས།།

འདུ་བྲལ་ཆོས་ཉིད་ཡིད་ལ་བསྒོམས་ཏེ་གྱེས་

བརྡའི་འཛུབ་མོ་གནམ་ལ་ཀེར།།

སླར་ཡང་འཛོམས་པའི་སྨོན་ལམ་གཙང་མ་

ངག་གི་འདབ་མས་ལན་བརྒྱར་གྱེར།།

མ་ཡུམ་སློབ་ཆུང་རྒྱབ་ཏུ་བསྐྱུར་ནས་

སོ་སོའི་ཕ་ཡུལ་སྙེག་པའི་དུས།།

ཕྱིར་འོང་མེད་པའི་ནམ་ཟླ་ཞིག་ལ་

མི་འདོད་ལས་ཀྱིས་རྫོགས་ཚིག་བཏབ།།

མི་ལོ་དུ་མར་ཞལ་འཛོམས་མ་བྱུང་

ཁྱོད་ཅག་ཁམས་བདེ་ཡིན་ནམ་གྲོགས།།

དྲན་རིག་མེ་ལོང་དྭངས་མའི་ལྟོངས་ཀར་ཁྱོད་

ཅག་འཛུམ་ཞལ་རབ་ཏུ་གསལ།།

དགའ་སྡུག་འདྲེས་མའི་འཚོ་བའི་གྲོང་དུ་ཁྱོད་

ཅག་སྙིང་ཁར་ཡལ་མེད་ཉར།།

ཁྱོད་ཅག་ང་ཡི་མི་ཚེའི་གཏན་གྲོགས་ཞེ་ཕུགས་

ལས་ཀྱི་སློབ་གྲོགས་ཡིན།།

སོ་སོའི་ཕུགས་འདུན་ལེགས་གྲུབ་ཡོང་ཕྱིར་

ངས་ནི་སྨོན་ལམ་ལྷ་ལ་གསོལ།།

འདས་ཟིན་འཚོ་བ་ཡིད་ལ་ཉར་ཏེ་དྲན་

གདུང་སྙན་ཚིག་སྤྲིན་ལ་བྲིས།།

ལོ་ཟླའི་འཕྲུལ་འཁོར་མྱུར་འགྲོས་ཆེ་ཡང་ཞལ་

འཛོམས་ཉི་གཞོན་བསུ་འདོད་པས།།

ཨེ་མ་མཆོག་གསུམ་ཐུགས་རྗེས་གཟིགས་ནས་

མཇལ་མཛོམས་དུས་ཀྱི་སྐལ་བཟང་ཤོག།

༼ དབྱངས་ལྡེའུ། ༽