བྱིས་པ་དང་དར་མ་ནི་གང་ཟག་ཡིན་པ་འདྲ་ཡང་། བྱ་དངོས་ལ་བཟུང་བའི་རྣམ་འགྱུར་ནི་མི་འདྲ་བ་ལྟར། བདེ་སྐྱིད་ལ་ངོས་འཛིན་ཚུལ་ཡང་མི་འདྲ་སྟེ། དེ་ནི་ལྟོགས་པ་ལ་ཟས་བྱིན་ན་དགའ་བ་དང་། སྐོམ་པ་ལ་ཆུ་སྤྲད་ན་དགའ་བ། ན་བ་ལ་སྨན་ཕུལ་ན་དགའ་བ། གྲང་བ་ལ་གོས་སྦྱིན་ན་དགའ་བ། ཚ་བ་ལ་རླུང་གནང་ན་དགའ་བ། ངལ་བ་ལ་རོགས་བྱས་ན་དགའ་བ་དང་ཆ་འདྲ། དེ་བས། ཁྱོད་ལ་གོས་དགོས་ན་བྱིས་པར་གོས་མཁོ་བའི་ངེས་པ་མེད་ལ། ཁྱོད་རང་རླུང་ལ་སུན་ན་བྱིས་པའང་རླུང་ལ་མི་དགའ་བའི་ངེས་པ་ཡེ་ནས་མེད།
བྱིས་པ་ནི་བྱིས་པ་སྟེ། ལྟོ་བ་འགྲངས་པས་བློ་ཡིད་ཚིམ་འགྲོ་ཞིང་། ལུས་རྒྱབ་དྲོ་བས་དམིགས་འབེན་འགྲུབ་འགྲོ། རྩེད་འཇོར་གཡེང་པས་ཕུགས་བསམ་སྨིན་འགྲོ། འདི་ནི་ད་གཟོད་ཁོ་ཚོའི་འཚོ་བ་དང་སྤྲོ་སྣང་རེད་དེ། ང་རང་ཚོ་མཁས་མདོག་གྲུང་མདོག་གིས་ལྟོ་འགྲངས་པས་མི་ཆོག་ཚུལ་བརྒྱ་དང་བརྒྱད་བཤད་པར་དགའ་ལ། མཁྱེན་ཚུལ་སྤྱང་ཚུལ་གྱིས་རྒྱབ་དྲོ་བས་མི་འགྲིག་རབས་སྟོང་དང་ཁྲི་འབྲི་བར་གོམས། མ་ཟད། ད་དུང་འཇོན་ཁུལ་བྱམས་ཁུལ་གྱིས་རྩེད་འཇོར་གཡེངས་མི་རུང་ལུགས་ཁྲི་མ་འབུམ་རྩེག་པར་གོམས་པས། བྱིས་པ་རྣམས་ང་ཚོ་དང་རིང་དུ་གྱེས་ཤིང་། ང་ཚོ་བྱིས་པ་རྣམས་དང་རྒྱང་ལ་བཀྱེད།
བྱིས་པ་ནི་བྱིས་པ་སྟེ། ནམ་ལངས་ན་ཡིད་ལ་དྲན་རྒྱུ་ཞིག་ཡོད་པ་ནི་རྩེད་རོགས་ཡིན་སྲིད་ལ། ས་རུབ་ན་མིག་གིས་ལྟ་ས་ཞིག་ལྡན་པ་ནི་རྩེད་ཆས་ཡིན་ངེས་ན། ང་ཚོས་མིག་མ་ཞར་བར་དེ་ལ་དཀྱེལ་ཡངས་ཀྱིས་ལྟ་དགོས་ཤིང་། ང་ཚོས་རྣ་མ་འོན་པར་དེ་ལ་གཟབ་ནན་གྱིས་ཉན་དགོས། ང་ཚོས་བློ་མ་རྨོངས་པར་དེ་ལ་ཞིབ་མོས་དཔྱད་དགོས། ཡིན་ནའང་། ངེད་ཚོའི་མིག་དེ་ཞར་མེད་རུང་ལས་བྱའི་རི་བོས་བསྒྲིབས་ཤིང་། ངེད་ཚོའི་རྣ་དེ་འོན་མེད་རུང་བློར་འཛིན་གྱི་འུར་སྒྲས་གས། ངེད་ཚོའི་བློ་དེ་རྨོངས་མེད་རུང་རྒྱུགས་ཤོག་གི་རྔམ་སྟབས་ཀྱིས་གཏོར་པས། ང་ཚོར་མིག་ཡོད་རུང་བྱིས་པའི་འདོན་འདུན་དངོས་མི་མཐོང་ལ། ང་ཚོར་རྣ་ལྡན་རུང་བྱིས་པའི་དགོས་མཁོ་དངོས་མི་ཐོས། ང་ཚོར་བློ་མཆིས་རུང་བྱིས་པའི་སྤྲོ་སྣང་དངོས་ཀྱང་ཚོར་མེད་དོ།།
ང་ཚོ་ནི་ང་ཚོ་སྟེ། མིག་ཟུང་ཚ་རུང་མ་སྡིགས་ལྟ་དགོས་པ་དང་། རྐང་པ་ན་རུང་མ་སྡོད་འགྲོ་དགོས་པ། ལག་ཟུང་ཁོལ་རུང་མ་འཛིང་ལས་དགོས་པ། ཡིད་སེམས་ངལ་རུང་མ་འཁོན་འབད་དགོས་པ་ཡིན་སྲིད་དུ་ཆུགས་ཀྱང་མི་ཆོག་པ་ཆེར་མེད་དེ། འཇིག་རྟེན་འདིར། ང་ཚོར་གནམ་ཡར་ལ་འདེགས་པའི་ཤེད་དང་ལྡན་དགོས། འཁོར་བ་འདིར། ང་ཚོར་ས་མར་ལ་གནོན་པའི་ལྗིད་དང་ལྡན་དགོས། ཡིན་ནའང་ང་ཚོས་ཤ་ཚ་བའི་མིང་ཐོགས་ནས་བྱིས་པ་རྣམས་ནི་མངགས་པའི་མི་ཡིན་པས་རྟ་ལ་ལུག་འགྲེལ་བྱས་ཆོག་ཆོག་ཏུ་འདོད་མི་རུང་ལ། ང་ཚོས་སྙིང་ཉེ་བའི་མཚན་གཡར་ཏེ་བྱིས་པ་རྣམས་ནི་འཕངས་པའི་མདའ་ཡིན་པས་རྟ་ལ་བོང་བཤད་བྱེད་རུང་རུང་དུ་བསམ་མི་རིགས་ཏེ། རྒྱུ་མཚན་བྱིས་པ་ནི་བྱིས་པའོ།།
ང་ཚོ་སྟེ། ཁེ་གྲགས་ཀྱི་དོང་དུ་ཚུད་ཅིང་། ཉོན་མོངས་ཀྱི་འདམ་ལ་བྱིངས། འགྲན་རྩོད་ཀྱི་རྙི་ཡིས་ཟིན། ཕྲག་དོག་གི་དུག་གིས་མནར། ང་རྒྱལ་གྱི་མེ་ཡིས་གཙེས། གཏི་མུག་གི་ཆུ་ཡིས་ཁུར། གཡོ་སྒྱུ་ཡི་ས་ཡིས་མནན། ཧམ་སེམས་ཀྱི་རླུང་གིས་སྤུར་ཏེ། རང་ངོ་རང་གིས་མི་ཟིན་པ་དང་རང་ཡུལ་རང་གིས་མི་རྙེད་པའི་ཚད་ལ་ལྷུངས་ཡོད་རུང་། ད་དུང་ཨ་པོ་ང་ཡིན་ཟེར་བཞིན་བྱིས་པ་ལ་ཐེ་གཏོག་བྱེད་པར་དགའ་ཞིང་། དབྱུག་པ་མདུང་ཡིན་ཟེར་བཞིན་བྱིས་པ་ལ་སྟངས་འཛིན་བྱེད་པར་གོམས་པ་འདི་ནི་མཇུག་མ་བཅད་དེ་མགོའི་རྒྱན་དུ་བྱ་བར་རེ་བ་དང་ཅིས་མི་མཚུངས་ཨང་།
ང་ཚོ་སྟེ། གོང་ལ་གཅམ་གསག་གི་འཛུམ་ཞལ་བསྟན་ཅིང་། བར་དུ་སྤྲེལ་ལད་ཀྱི་འབག་སྐུ་གྱོན། འགབ་ཏུ་བཙན་གཏམ་གྱི་འབྲུག་སྒྲ་ལྡིར་བར་མ་ཟད། བཙན་པོར་ཐུག་ན་ལུས་ཀུམ་ཀུམ་དང་ཉྭ་ལྷེམ་ལྷེམ་གྱིས་འགྲོ་ཞིང་། དཔོན་པོའི་དྲུང་དུ་མགོ་སྒུར་སྒུར་དང་ལག་འདར་འདར་གྱིས་འདུག། ཕྱུག་ཆེན་གྱི་ལོགས་སུ་འཛུམ་དམུལ་དམུལ་དང་བག་འཁུམ་འཁུམ་གྱིས་རྒྱུ་བས། རང་ཉིད་ཀྱི་སྐུ་དེང་རབས་སུ་བཞུགས་ཀྱང་ཐུགས་གནའ་རབས་སུ་ལུས་ཡོད་པ་མ་ཚོར་བར་རྟག་ཏུ་བྱིས་པ་ལ། “མི་ཤེས་བཞིན་དུ་གཞུང་བཤད་དང་། མི་མཁོ་བཞིན་དུ་སྤྲོས་བཤད། མི་འཆུམས་བཞིན་དུ་ཉོག་བཤད། མི་འབྱོར་བཞིན་དུ་མཁས་བཤད། མི་ཐིངས་བཞིན་དུ་མཐོ་བཤད། མི་འབྲེལ་བཞིན་དུ་བཙན་སྦྲེལ”བྱས་ཏེ་དབུགས་ལེན་ཁོམ་གྱི་རང་དབང་ཕྲན་བུ་དེ་ཡང་བཙན་ཕྲོག་བྱས་འགྲོ་བར་བསམ་ན། ཕྱི་བལྟས་ཨ་མ་ཡིན་པ་གང་དེ་དོན་དུ་མུ་གེའི་སྟེང་ལ་ཟླ་ལྷག་དང་འགྱེལ་བུའི་སྟེང་ལ་རྡོག་རྫིས་གཏོང་མཁན་ཞིག་རེད་ལ། ཕྱི་བལྟས་ཨ་ཕ་ཡིན་པ་གང་དེ་དོན་དུ་རྐུན་མ་ལ་དཔའ་དར་འདོགས་མཁན་དང་སྡིག་ཅན་ཉིད་ཚེ་ཐར་ལ་གཏོང་མཁན་ཞིག་ལས་མ་འདས་སོ།།
ང་ཚོར་སེམས་ཡོད་རུང་། བྱིས་པར་མཁའ་ལ་འཕུར་བའི་གཤོག་ཟུང་ཡོད་པ་མི་ཚོར་ལ། ང་ཚོར་མིག་ཡོད་རུང་། བྱིས་པར་ས་ལ་བགྲོད་པའི་རྐང་པ་ཡོད་པ་མི་མཐོང་བས། བྱིས་པ་སོ་སོའི་ལྟ་བྱེད་ཀྱི་མིག་དང་། ལེན་བྱེད་ཀྱི་ལག། ལྡོད་བྱེད་ཀྱི་སོ། ཉན་བྱེད་ཀྱི་རྣ། སྣོམ་བྱེད་ཀྱི་སྣ། རེག་བྱེད་ཀྱི་ལུས། སྒོམ་བྱེད་ཀྱི་བློ་སོགས་མཐོང་ཞིང་ཐོས་ནས་རྟོགས་རྒྱུ་ནི་དེ་བས་ཀྱང་ངོ་།། ང་ཚོས་དེ་ལས་ལྡོག་སྟེ་སློབ་སྦྱོང་མ་བྱས་ན་མདུན་ལམ་མེད་རབས་དང་། དཔེ་ཀློག་མ་བྱས་ན་རེ་བ་མེད་ལུགས། སྐར་མ་མ་མཐོ་ན་མ་འོངས་མེད་ཚུལ། བྱ་དགའ་མ་བླངས་ན་ངོ་ཚ་མེད་ལུགས། འགན་ཁུར་མ་འགྲུབ་ན་རྒྱུ་འབྲས་མེད་རབས་རྐྱང་བཤད་དེ། བྱིས་པ་དགའ་ན་སུན་ན་འདུག་རོགས་ལས་བྱ་དང་། དཀའ་ན་སླ་ན་རྩེ་རོགས་དཔེ་ཆ། ཡང་ན་ལྕི་ན་འགྲོ་རོགས་རྒྱུགས་ཤོག། ཡངས་ན་དོག་ན་གཉིད་རོགས་བློར་འཛིན། ལེགས་ན་ཉེས་ན་བརྩོན་ས་སྐར་གྲངས། ན་ན་བདེ་ན་སྙེག་ས་བྱ་དགའ་བཅས་སུ་གཏན་ལ་ཕབ་པས། ད་ལྟའི་བྱིས་པ་རྣམས་ཀྱི་མིག་མདངས་ལ་འོད་སྣང་མེད་ལ། སྐད་ཆ་ལ་ཟིལ་ཤུགས་མེད། གོམ་པ་ལ་སྟོབས་ཤུགས་མེད། བྱད་བཞིན་ལ་འཛུམ་མདངས་མེད། ལུས་ཟུངས་ལ་ངར་བཅུད་མེད་པར་ལྟག་ཆུ་ཆད་པའི་རྫིང་བུ་ལ་ཅོ་འདྲི་བ་འདི་ནི་འུ་བུ་ཅག་གི་མཚང་ཨེ་རེད། ཡིན་ན་འབྲུ་ནི་དགོས། སྐྱོན་ཨེ་རེད། ཡིན་ན་སྤོང་རེ་རན། ནད་ཨེ་རེད། ཡིན་ན་སྐྱོབ་ཏུ་རེ།
བྱིས་པ་ནི་བྱིས་པ་སྟེ། བྱིས་པ་ལ་བྱིས་པའི་འཇིག་རྟེན་ཡོད། ཁོར་ཡུག་ཡོད། མཛེས་སྡུག་ཡོད། སྤྲོ་སྣང་ཡོད་ཅིང་། རི་ལུང་ཐང་གསུམ་ཡོད། རྟ་ནོར་ལུག་གསུམ་ཡོད། འཆད་རྩོད་རྩོམ་གསུམ་ཡོད། ཐོས་བསམ་སྒོམ་གསུམ་ཡོད། བདེན་བཟང་མཛེས་གསུམ་ཡོད། མཁས་བཙུན་བཟང་གསུམ་ཡོད་དེ། ཡོད་དགོས་པ་ཚང་མ་ཡོད། ཚང་དགོས་པ་ཚང་མ་ཚང་། འཛོམས་དགོས་པ་ཐམས་ཅད་འཛོམས། ཡིན་ནའང་། ང་ཚོའི་མཐོང་སྣང་དུ་བྱིས་པ་ལ་འཇིག་རྟེན་མེད། དམིགས་ཡུལ་མེད། འཆར་གཞི་མེད། ཕུགས་བསམ་མེད། ཐ་ན་དགའ་སྐྱོ་ཆགས་སྡང་མེད། སྐྱེ་རྒ་ན་འཆི་མེད། དབྱར་དགུན་སྟོན་དཔྱིད་མེད་པར་ཕ་མའི་སྐྱི་པགས་དང་། དགེ་རྒན་གྱི་གྲིབ་མ། སྨན་ཁང་གི་ཡོང་འབབ། སྤྱི་ཚོགས་ཀྱི་བསྐྱར་པར་སོགས་སུ་བསྒྲགས་ཤིང་རློམ་ཚེ། དེ་ལ་མི་དགའ་མཁན་ནི་བརྒྱ་འདུས་སྟོང་འདུས་དང་མི་འཐད་མཁན་ནི་བརྒྱ་ཚོགས་སྟོང་ཚོགས་ཡིན་པ་ངས་ཀྱང་ཤེས་སླ་ཡང་། བྱིས་པའི་འཇིག་རྟེན་ལ་འགད་རྫས་འཕེན་མཁན་དང་། བྱིས་པའི་འཁོར་ཡུག་ལ་གད་སྙིགས་བྱོ་མཁན། བྱིས་པའི་གཤོག་ཟུང་གཅོད་མཁན་དངོས་ནི་རང་ཉིད་ཡིན་པ་མི་ཚོར་བ་དེ་ནི་ངས་རྟོགས་མ་བྱུང་། ཡེ་ནས་རྟོགས་མ་བྱུང་།
ང་ཚོ་བརྒྱུགས་ན་མི་འདོད་པ་དེས་བྱིས་པ་རྒྱུག་མི་རུང་པ་མི་མཚོན་ལ། ང་ཚོ་བསྡད་ན་འདོད་པ་དེས་བྱིས་པ་འགྲོ་ན་མི་འདོད་པ་མཚོན་ག་ལ་ནུས། དེ་བས། ང་ཚོས་རང་གི་གྲུབ་ཟིན་པའི་ཉམས་མྱོང་དེ་ཚངས་ཐིག་ཏུ་འདོད་མི་རུང་སྟེ། ང་ཚོ་ལྷ་ཆེན་ཚངས་པ་མིན་པས་དང་། ང་ཚོས་རང་གིས་སྒྲུབ་འདོད་ཀྱི་འདོད་འདུན་དེ་ཚད་མ་རུ་རློམ་མི་འོས་ཏེ། ང་ཚོ་སངས་རྒྱས་མིན་པས་དང་། ང་ཚོས་རང་གིས་མ་འགྲུབ་པའི་ཕུགས་བསམ་དེ་ཡང་དག་ཏུ་སྒོམ་མི་རིགས་ཏེ། ང་ཚོ་འཇིག་རྟེན་བྱེད་པོ་མིན་པས་སོ།།དེ་བས། བྱིས་པ་གང་ཞིག་ཡར་སྐྱེད་འབྱུང་བ་དང་འཕེལ་རྒྱས་སུ་འགྲོ་བ་ལ་བྱིས་པའི་ནང་སེམས་འཚོལ་སྙེག་དང་། བྱིས་པའི་འཇིག་རྟེན་ཤེས་རྟོགས། བྱིས་པའི་འདོད་འདུན་སྐོང་སྒྲིག། བྱིས་པའི་ཁོར་ཡུག་གད་བདར། བྱིས་པའི་འཚོ་བ་བཞེངས་སྐྲུན་བཅས་ལ་འབད་ན་ནི། ད་གཟོད་ལྷ་དགའ་མི་དགའ་དང་ཁྱོད་སྐྱིད་ང་སྐྱིད་ཀྱི་དུས་ཤིག་དགོང་ནས་ཉི་མ་ཤར་ཤར་དང་ས་ནས་མྱུ་གུ་འབུས་འབུས་བྱེད་སྲིད་ཀྱི། དེ་ལས་ལྡོག་ཏུ་ཕྱིན་ན་ནི། ང་ཚོའི་འགྲོ་རོགས་གྲིབ་མ་ནག་རིས་དང་བྱིས་པའི་ཉལ་རོགས་པུས་མོ་སྐྱ་རིས་ཀྱི་དུས་ཤིག་མྱུར་དུ་འབྱོར་ངེས་སོ།།
བྱིས་པ་རྣམ་པ། བཟོད་གསོལ་གནང་རོགས། ང་ཚོས་ཁ་ཁོག་པ་མཐུན་ནས་རི་བོང་གནམ་རྡིབ་ཀྱི་དོགས་པ་ཉི་ཚེ་བ་བསླངས་པ་མི་མང་ན་མི་ཉུང་ལ། ང་ཚོས་གློ་རྒྱུ་མ་འདྲེས་ཏེ་རི་བོང་ཅལ་འདྲོགས་ཀྱི་རྣམ་ཐར་ཕྱོགས་རེ་བ་བསྐྱངས་པ་ཚབ་མི་ཆེ་ན་མི་ཆུང་། ང་ཚོའི་གམ་དུ་དུས་ཚིགས་ཀྱི་ཁྱད་པར་ནངས་དགོང་གི་ཧེ་བག་ཁྱོན་ནས་མེད་པར་ཕྱོགས་ཞེན་གྱི་ལྷགས་རླུང་རྒོད་ཅིང་། རྫུན་གཏམ་གྱི་དྲག་ཆར་འཇོ། གཡོ་ཟོལ་གྱི་ཁ་བ་འབབ། ཕྲ་མའི་རྦབ་རྡོ་འགྲིལ། ཧམ་སེམས་ཀྱི་ཤྭ་འོད་བརྒྱུགས་ཡོད་པས། ང་ཚོས་ཁྱོད་ཚོ་མདུན་སྐྱོད་ཀྱི་འགྲོས་མ་ལྷོད་པར་སྔོན་ལ་སྐྱོད་ཀྱིན་པ་མཐོང་མ་བྱུང་ལ། ང་ཚོས་ཁྱོད་ཚོ་བློ་སྟོབས་ཀྱི་ངར་མ་ཡལ་བར་སྤྲོ་བས་བརྟས་ཡོད་པ་རྟོགས་མ་བྱུང་བར་མ་ཟད། ད་དུང་ང་ཚོས་ཁྱོད་ཚོ་བརྩོན་འགྲུས་ཀྱི་སྙིང་མ་ཞུམ་པར་སྤོབས་པས་ཁེངས་ཡོད་པའང་ཡེ་ནས་མ་ཚོར།
ང་ཚོས་འོལ་ཚོད་དུ་ཁྱོད་ཚོའི་འཚོ་བ་བརླག་པར་བཟོད་གསོལ་གནང་རོགས། ང་ཚོས་བྱུང་རྒྱལ་དུ་ཁྱོད་ཚོའི་རང་དབང་འཕྲོག་པར་བཟོད་གསོལ་གནང་རོགས། ང་ཚོས་གང་འདོད་དུ་ཁྱོད་ཚོའི་འཇིག་རྟེན་བཅོམ་པར་བཟོད་གསོལ་གནང་རོགས།
བྱིས་པ་རྣམ་པ། བཟོད་གསོལ་གནང་རོགས།
༼ གཅན་གླག་མིག། ༽
