国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཡོངས་ཀྱི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་མ་དངུལ་དང་ལས་གཞི་དོ་དམ་ལས་དོན་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།

སྤྱི་ཟླ5པའི་ཚེས26ཉིན། དཀར་མཛེས་ཁུལ་ཤར་ནུབ་རྒྱུད་མཉམ་ལས་ཀྱི་མ་དངུལ་དང་ལས་གཞི་དོ་དམ་ལས་དོན་གྱི་གསོ་སྦྱོང་ཚོགས་འདུ་དར་མདོ་གྲོང་ཁྱེར་དུ་འཚོགས། ཤར་ནུབ་རྒྱུད་མཉམ་ལས་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མ་དངུལ་བེད་སྤྱོད་ཚད་ལྡན་དང་། ལས་གཞིའི་བརྒྱུད་རིམ་ཧྲིལ་པོའི་དོ་དམ། དཔྱད་ཞིབ་བླང་བྱ་སོགས་ཀྱི་ནང་དོན་ལ་དམིགས་ནས་ཆེད་དོན་ཟུར་ཁྲིད་བྱེད་པར་མ་ཟད། ད་དུང2026ལོར་ཁུལ་ཡོངས་ཀྱི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་ཀྱང་བྱས་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་རྫོང(གྲོང་ཁྱེར)ཁག་གི་ཞིང་འབྲོག་ཞིང་སྡེ་ལས་ཁུངས་དང་དེ་བཞིན་དུང་དཀར་ལུང་པའི་དོ་དམ་ཨུ་ལྷན་གྱི་ཁག་བགོས་དོ་དམ་འགན་འཁུར་བ་དང་ལས་སྒོའི་རྐང་འཛིན་པ120ལྷག་ཙམ་གསོ་སྦྱོང་ནང་ཞུགས་ཡོད།

ད་ཐེངས་ཀྱི་གསོ་སྦྱོང་དུ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ས་ཁོངས་མཉམ་ལས་སྐུལ་འདེད་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཅེ་དང་བརྟག་ཞིབ་པ་རིམ་པ་དང་པོ་ལིན་ཡུང་རྣམ་གཉིས་ཆེད་དུ་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། ལི་ཅེ་ཡིས་ཀྲེ་ཅང་དང་སི་ཁྲོན་མཉམ་ལས་ཀྱི་བརྒྱུད་རིམ་དང་ཟུང་འབྲེལ་བྱས་ནས་སློབ་ཁྲིད་བརྒྱུད་ཤར་ནུབ་མཉམ་ལས་ཀྱི་གཙོ་གནད་སྲིད་ཇུས་དང་། ལས་གཞི་མ་དངུལ་དོ་དམ། དཔྱད་ཞིབ་ལས་དོན་གྱི་བླང་བྱ་བཅས་ཞིབ་པོར་གསལ་འགྲེལ་བྱས་པ་དང་ནང་དོན་ལ་གཞི་རིམ་གྱི་དངོས་སྦྱོང་ཁྲོད་ཀྱི་དཀའ་གནད་དང་འགག་གནད་དམ་པོར་སྦྲེལ་ནས་སྦྱོང་བརྡར་ནང་ཞུགས་མཁན་ལ་ལས་ཀའི་མཛུབ་ཁྲིད་གསལ་པོ་མཁོ་འདོན་བྱས་ཡོད། ཉིན་དེའི་ཕྱི་དྲོར་ལིན་ཡུང་གི་མཛུབ་ཁྲིད་འོག་སྦྱོང་བརྡར་ནང་ཞུགས་མཁན་ཡོངས་ཀྱིས་མ་དངུལ་གཏོང་སྤྲོད་དང་ལས་གཞི་ཞིབ་བཤེར་རྩིས་ལེན་སོགས་དངོས་སྦྱོང་གནད་དོན་ལ་དམིགས་ཏེ་ཚོ་ཆུང་ཁག་བགོས་ནས་ཆེད་དོན་གྲོས་བསྡུར་བྱས་པས། ཚང་མས་ཐུན་མོང་གི་ངོས་འཛིན་གཅིག་གྱུར་བྱུང་བ་རེད།

གསར་འགོད་པས་ཚོགས་འདུར་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2026ལོ་ནི་ཤར་ནུབ་རྒྱུད་མཉམ་ལས་ལས་དོན་དེ་རྒྱུན་ཚུལ་ཅན་གྱི་གནད་སྨིན་རོགས་སྐྱོར་དུས་མཚམས་སུ་སླེབས་པའི་ལོ་དང་པོ་ཡིན་ལ། མཉམ་ལས་ལས་གཞིའི་མ་དངུལ་དེ་ཁ་གཏད་རོགས་སྐྱོར་མ་ལག་ཁྲོད་ནས་གོ་རིམ་ལྡན་པའི་ངང་བཤུ་བ་དང་ལས་གཞི་དོ་དམ་གྱི་འགན་འཁྲི་ཁྱོན་ཡོངས་ནས་ཞིང་འབྲོག་ཞིང་སྡེ་ཁོངས་གཏོགས་སུ་སྒྱུར་འགོ་ཚུགས་པའི་ལོ་ཞིག་ཀྱང་རེད། ད་ལོར་སྔོན་དཔག་བྱས་ན་ཁུལ་ཡོངས་སུ་དམིགས་སར་འབྱོར་བའི་མཉམ་ལས་མ་དངུལ་སྒོར་དུང་ཕྱུར3.6ཙམ་ལ་ཟིན་པ་དང་རྫོང་སོ་སོར་ཆ་སྙོམས་སྒོར་ཁྲི2000ཙམ་ལ་ཟིན་རྒྱུ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)