སྤྱི་ཟླ5པའི་ཚེས21ཉིན། ཀྲུང་གོ་ཧྲེན་ཀྲེན་རྒྱལ་སྤྱིའི་རིག་གནས་ཐོན་ལས་དངོས་མང་འགྲེམ་ཚོགས་སྐབས་ཉེར་གཉིས་པ་ཧྲེན་ཀྲེན་རྒྱལ་སྤྱིའི་འགྲེམ་ཚོགས་ལྟེ་གནས་སུ་གཉེར། དཀར་མཛེས་ཁུལ་གྱི་འགྲེམ་སྟོན་བྱེད་སྟངས་བསྒྱུར་ཏེ་ལོ་སྔོན་མའི་འགྲེམ་སྟེགས་དཔེ་དབྱིབས་དོར་ནས“རིག་ནུས་བལྟ་ཉན”གཙོ་དོན་ལ་དམིགས་ཏེ་བལྟ་ཉན་དང་དངོས་པོ་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ནས་ས་གནས་རང་གི་རིག་གནས་ཐོན་ལས་ཀྱི་གྲུབ་འབྲས་དང་མི་རིགས་ཀྱི་ཁྱད་ཆོས་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།
ད་ཐེངས་དཀར་མཛེས་ཁུལ་གྱིས་ཨང་ཀིའི་བལྟ་ཉན་དང་གཟུགས་མེད་རིག་གནས་ཤུལ་བཞག་གསར་གཏོད་ཁྱབ་ཁོངས་ཀྱི་སྤུས་ལེགས་སྡེ་ཚན5གཅིག་སྡུད་ཐོག་འགྲེམ་སྟོན་ནང་ཞུགས་ནས། བརྙན་ཤེལ་ཆེན་པོས་རེས་སྟོན་དང་རྣམ་པ་འགྲེམས་སྟོན། ཐོན་རྫས་འགྲེམ་ཚོང་བཅས་ཟུང་འབྲེལ་གྱི་བྱ་ཐབས་བརྒྱུད་ནས་ཚན་རྩལ་རོགས་འདེགས་དང་སྲོལ་རྒྱུན་རིག་གནས་མཉམ་འདྲེས་ཡང་དག་པ་ཐུབ་ཡོད། དེའི་ནང་དཀར་མཛེས་ཁུལ་མི་ཉག་གངས་དཀར་འཕྲིན་སྦྱོར་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་རྒྱལ་ཡོངས་ཀྱི“ཚན་རྟོག་དང་རིག་གནས་ཡུལ་སྐོར”AIGCབརྙན་ཕྲན《སྦས་པའི་བསྟི་གནས》ཞེས་པ་ཐོག་མ་ཕབ་བསྐྲུན་བྱས་པ་དེ་ཡོད་ལ། འདི་ལ་ཨང་ཀིའི་ལག་རྩལ་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་རིག་གནས་ཀྱི་གསོན་ཤུགས་བསྩལ་ཡོད། ཁུལ་རིག་གནས་ཡུལ་སྐོར་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་གློག་བརྙན་རྩེ་གྲ་དུས་གཅིག་ཏུ་འགྲེམ་སྟོན་བྱས་ནས་དཀར་མཛེས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མིའི་རིག་པའི་ནང་དོན་མངོན་པར་བྱས་ཡོད།
འགྲེམ་སྟོན་ནང་དོན་ཁྱད་ཆོས་ཕུན་སུམ་ཚོགས་པོ་ཡིན་ཞིང་། དེའི་ཁྲོད་རྒྱང་སྐྱོད་གཙོ་དོན་གྱི་རིག་གནས་གསར་གཏོད་དང་། “ཨ་མའི་ལག་བཟོ”གཟུགས་མེད་རིག་གནས་ཤུལ་བཞག་གི་བལ་འཐག། འབའ་ཐང་གི“སྐྱིད་པོ”དམངས་ཁྲོད་སྒྱུ་རྩལ་གྱི་རིག་གནས་གསར་གཏོད་སོགས་སྤུས་ལེགས་ཐོན་རྫས་རབ་དང་རིམ་པ་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་པས་མ་ཟད། “ལག་རྩལ་རྙིང་པ་དང་ཇུས་འགོད་གསར་པ”འདྲེས་པར་བརྟེན་ནས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལག་རྩལ་དེང་རབས་འཚོ་བའི་ཁྲོད་མཉམ་འདྲེས་ཐུབ་རྒྱུར་བསྐུལ་བ་དང་ཆབས་ཅིག། “གནས་མཆོག་དཀར་མཛེས་ལ།། འཛོམས་པའི་ཁ་ཆད་ཡོད” པའི་ཚེ་གང་གི་སྤ་སེ་དང་དེ་བཞིན་དམངས་ཕན་ཕྱིར་འཚོང་བྱེད་སྒོ་སྤེལ་ནས་རིག་གནས་ཡུལ་སྐོར་ཁེ་དབང་ལ་བརྟེན་ནས་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཐོན་ཁུངས་ངོ་སྤྲོད་པ་དང་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་དང་རིག་གནས་གསར་གཏོད་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ཕྱོགས་ཡོངས་ནས་མངོན་པར་བྱས་པའོ།།
(ལྷ་འཛོམས་ཀྱིས་བསྒྱུར།)
